༢༠༡༤ ཟླ་ ༧ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༦ ཉིན་གྱི་དགོང་དྲོ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིར་རྟེན་གཞི་བྱས་པའི་ས་གནས་བོད་རིགས་མཐུན་ཚོགས་དང་ས་གནས་བོད་ཀྱི་རིག་གནས་སྐྱེད་ཚལ་ཁང་ཟུང་འབྲེལ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་སླད་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་གཞིར་བཞག་ཐོག་རིག་རྩལ་འགྲན་བསྡུར་སྐོང་ཚོགས་གནང་འདུག རིག་རྩལ་འགྲན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་། བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་གཙོས་ས་གནས་བོད་མི་དང་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་ལྷན་འཛོམས་བྱུང་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་རིག་རྩལ་འགྲན་ཚོགས་ཀྱི་ལམ་ནས་སྲུང་བརྩི་ཞུ་དགོས་དོན་སྐོར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་གསུང་གསལ། ཕྱི་ལོ་ ༢༠༡༤ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་རྒྱུའི་གཏན་འབེབས་གནང་ཡོད་པ་རེད། དེར་བརྟེན་ད་རེས་ང་ཚོས་གྲོང་ཁྱེར་སི་ཌི་ནིར་ཁུལ་དུ་ས་གནས་བོད་མི་མང་དག་ཅིག་མཉམ་འཛོམས་ཀྱིས་རིག་རྩལ་འགྲན་ཚོགས་ལམ་ནས་མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དེ་ནི་ཧ་ཅང་ཡག་པོ་བྱུང་སོང་། ལྷག་པར་ས་གནས་བོད་པའི་སློབ་ཕྲུག་རྣམས་ཆ་བགོས་བྱས་ཏེ་༸གོང་ས་མཆོག་གི་མཛད་རྣམ་དང་བོད་ཀྱི་ཆབ་སྲིད་སྐོར་ལ་དྲི་བ་དྲིས་ལན་གྱི་ལམ་ནས་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུས་པ་དེ་ནི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དང་གསུང་བཞིན་པའི་གསར་གཏོད་ཀྱི་རང་བཞིན་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུངས་འདུག