༢༠༡༤ ཟླ་ ༧ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇར་མན་ (Germany) གྱི་གྲོང་ཁྱེར་ཧམ་བྷར་གྷ་ (Hamburg) ནང་རྟེན་གཞི་བྱས་པའི་བྱང་ཆུབ་ཆོས་གླིང་གི་ཆོས་ཚོགས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༣ ཉིན་མགོན་པོ་གང་ཉིད་མཆོག་གིས་ཇར་མན་གྱི་གྲོང་ཁྱེར་ཧམ་བྷར་གྷ་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱང་སྟེ། འཇིག་རྟེན་བཟང་སྤྱོད་ཀྱི་འགོ་བརྗོད་ཐོག་མི་སོ་སོའི་རང་བཞིན་ལྷན་སྐྱེས་ཀྱི་ཡ་རབས་གཤིས་བཟང་རྣམས་ཀྱི་རིན་ཐང་། ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༤ ནས་ ༢༥ ཉིན་གཉིས་ཀྱི་རིང་ཇར་མན་གྱི་གྲོང་ཁྱེར་ཧམ་བྷར་གྷ་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གསུང་ཆོས་སྩལ་རྒྱུ། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་དབང་སྩལ་རྒྱུ་ཡིན་འདུག དེ་བཞིན་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་གསར་འཛུགས་གནང་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུ་དང་། ས་གནས་ཀྱི་བོད་མི་རྣམས་བཀའ་སློབ་སྩལ་རྒྱུ་ཡིན་པ་མ་ཟད། བོད་རྒྱ་ལྷན་ཚོགས་ཤིག་ཐོག་ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཇར་མན་ནང་ཆིབས་སྒྱུར་ཐད་བྱང་ཆུབ་ཆོས་གླིང་གི་འབྲེལ་ཡོད་ལས་བྱེད་གཅིག་གིས་གསུང་གསལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡང་བསྐྱར་ཁུལ་དེར་ཆིབས་སྒྱུར་བསྐྱང་གི་ཡོད་པ་དེ་ནི་ང་ཚོར་བརྗོད་མི་ཤེས་པའི་དགའ་སྣང་ཡོང་བཞིན་འདུག་པ་མ་ཟད། ང་ཚོ་ནི་བསོད་ནམས་ཆེན་པོ་རེད་དྲན་གྱི་ཡོད། དེར་བརྟེན་ང་ཚོས་མགོན་པོ་གང་ཉིད་མཆོག་དེ་གར་ཆིབས་སྒྱུར་བསྐྱང་རྒྱུའི་སྤྲོ་སྣང་ཆེན་པོའི་ཐོག་ནས་ཕེབས་སྒུག་ཞུ་བཞིན་ཡོད། ཅེས་སོགས་ཀྱི་འགྲེལ་བརྗོད་གནང་འདུག