༢༠༡༤ ཟླ་ ༧ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་བཟོ་རིག་འགྲེམས་སྟོན་དང་ཟབ་སྦྱོང་དབུ་འབྱེད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། རྡ་སྟེང་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས། ཤེས་རིག་མདུན་ལམ་སློབ་སྟོན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། དེ་བཞིན་བཟོ་རིག་འགྲེམས་སྟོན་དང་ཟབ་སྦྱོང་ཐོག་ཕེབས་པའི་དགེ་ལས་སློབ་ཕྲུག ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར། ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་གྱིས་ཟབ་སྦྱོང་གི་རྒྱབ་ལྗོངས་དང་དམིགས་ཡུལ་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་རྗེས། གཏན་ཉིན་སློབ་གྲྭ་ཁག་གི་བཟོ་རིག་འགྲེམས་སྟོན་དང་ཟབ་སྦྱོང་ཐོག་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམས་ནས་སོ་སོའི་ངོ་སྤྲོད་གནང་།
དེ་ནས་སྲིད་སྐྱོང་མཆོག་གིས་འགྲེམས་སྟོན་དང་ཟབ་སྦྱོང་ཐོག་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། དེ་རིང་འདིར་བཟོ་རིག་འགྲེམས་སྟོན་ཐེངས་དང་པོ་དབུ་འབྱེད་ཆེད་ཡོང་རོགས་གསུངས་པ་ལྟར་བཅར་བ་ཡིན། གང་ལ་ཞེ་ན། ང་རང་སློབ་གྲྭར་ཡོད་སྐབས་བཟོ་རིག་དང་འབྲེལ་བའི་མཐུན་རྐྱེན་ཡོད་པ་ཞིག་དྲན་གྱི་མི་འདུག དེར་བརྟེན་འདི་ནི་ང་ཚོ་བཙན་བྱོལ་ནང་
ལོ་ངོ་ལྔ་བཅུ་ཕྱིན་པའི་རྗེས་བོད་པའི་སློབ་གྲྭ་ཁག་ནང་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་ཞིག་རེད། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཟོ་རིག་འདི་ངེས་པར་དུ་སྦྱང་དགོས་ལུགས་འཁོད་ཡོད། ཤེས་ཡོན་མཁས་པ་ཚོས་བཟོ་རིག་དང་འབྲེལ་བའི་ལག་ཤེས་འདི་སློབ་ཕྲུག་ཡིན་པའི་སྐབས་ཇི་ཙམ་སྦྱང་ན་དེ་ཙམ་གྱི་ཀླད་པ་ཡར་རྒྱས་འགྲོ་གི་ཡོད་པ་མ་ཟད། བསམ་བློ་གསར་པ་ཞིག་འཁོར་རྒྱུར་ཧ་ཅང་ཕན་ཐོགས་ཡོད། ཅེས་གསུངས་ཡོད། དེར་བརྟེན་བཟོ་རིག་སྦྱང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞི་རྩའི་ཤེས་ཡོ
ན་གང་འདྲ་ཞིག་སྦྱང་ཡང་གསར་གཏོད་དང་བསམ་བློ་གསར་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་འབྲེལ་བཟོ་རིག་གི་གལ་གནད་དང་། བཟོ་རིག་སྦྱང་ཚེ་བསམ་བློ་གསར་པ་གཏོང་རྒྱུར་ཕན་ཐོགས་གང་འདྲ་ཡོད་མེད། དེ་བཞིན་དེར་ཕེབས་དགེ་རྒན་རྣམས་ཀྱིས་དང་བླངས་ཐོག་འགན་བཞེས་གནང་བར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་ལས་བྱེད་འཕྲིན་ལས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་གྲུབ་མཚམས།
སྲིད་སྐྱོང་མཆོག་གིས་གཙོས་སྐུ་མགྲོན་རྣམས་ཀྱིས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་སྟེ་འགྲེམས་སྟོན་དང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་གྲོལ་ཡོད།
ཕྱི་ཚེས་ ༢༥ དང་ ༢༦ བཅས་ཉིན་གྲངས་གཉིས་རིང་གཏན་ཉིན་སློབ་གྲྭ་ཁག་གི་བཟོ་རིག་འགྲེམས་སྟོན་དང་ཟབ་སྦྱོང་ཐོག་རྡ་སྟེང་བོད་ཁྱིམ་དང་། སུ་ཇཱ་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ། གངས་སྐྱིད་མེས་དབོན་དཔེ་སྟོན་སློབ་གྲྭ། སམ་བྷོ་ཊ་བདེ་སྐྱིད་གླིང་། སྤོན་ཊ་གཏན་སློབ། སམ་བྷོ་ཊ་ཅོན་ཏ་ར། བལ་ཡུལ་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ བཙུན་དགོན་སྒྲོལ་མ་གླིང་བཅས་ནས་ཁྱོན་དགེ་ལས་སློབ་ཕྲུག་གྲངས་ ༢༩ ཙམ་གྱིས་མཉམ་ཞུགས་གནང་འདུག