༢༠༡༤ ཟླ་ ༧ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༥ ཉིན་བཏང་གནས་ནས་ནང་འཁོད་དོན། ཕྱི་ཟླ་ ༧ ཚེས་ ༢༣ ཉིན་ཐེ་ཝན་རྒྱལ་ཡོངས་སུ་ཐའེ་ཧྥེང་ཟེར་བའི་རླུང་འཚུབ་དྲག་པོ་བྱུང་བ་དང་། དགོང་དྲོ་ཀའོ་ཞུང་གྲོང་ཁྱེར་ནས་བྷང་ཧུའུ་མཚོ་གླིང་དུ་འཕུར་རྒྱུའི་གནམ་གྲུ་ཆུང་ཆུང་ཞིག་བརྡབ་སྐྱོན་བྱུང་ནས་མི་གྲངས་ ༤༨ ལ་སྲོག་སྐྱོན་དང་། མི་གྲངས་ ༡༠ རྨས་སྐྱོན་བྱུང་བར་ཐེ་ཝན་དུ་གནས་སྡོད་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་ཡོད། དེ་ཡང་ཕྱི་ཟླ་ ༧ ཚེས་ ༢༤ དགོང་དྲོ་ཆུ་ཚོད་ ༧ པའི་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་ཝན་བོད་རིགས་ཚོགས་པ་ཟུང་འབྲེལ་གྱིས་དོན་གཅོད་ཁང་གི་ནང་ཆོས་འཛིན་ཁང་དུ་དགའ་ལྡན་ཤར་རྩེ་ནོར་གླིང་གྲྭ་ཚང་གི་མཁན་ཟུར་བསོད་ནམས་པ་སངས་རིན་པོ་ཆེས་དབུས་བོད་བརྒྱུད་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། ཐེ་ཝན་དུ་གནས་སྡོད་བོད་རིགས། རྒྱ་ནག་ནས་ཕེབས་པའི་རྒྱའི་བཙུན་མ། ཐེ་ཝན་མི་རིགས་བཅས་ཁྱོན་མི་གྲངས་ ༧༠ ལྷག་མཉམ་ཞུགས་གནང་སྟེ་གནམ་གྲུའི་གོད་ཆག་གི་དོན་རྐྱེན་ནང་འདས་གྲོངས་སུ་གྱུར་བ་རྣམས་ལ་མཆོད་འབུལ་དང་བསྔོ་བ་སྨོན་ལམ་གནང་།
སྨོན་ལམ་གྲུབ་རྗེས་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ནས་རྒྱུན་དུ་བོད་ནང་དཀའ་ངལ་བྱུང་དུས་ཐེ་ཝན་མི་མང་གིས་ང་ཚོར་རྒྱབ་སྐྱོར་གནང་གི་ཡོད་པ་ཚང་མས་མཁྱེན་གསལ་ལྟར་དང་། ད་རེས་ཐེ་ཝན་མི་མང་ལ་དཀའ་ངལ་འཕྲད་པའི་དུས་ང་ཚོ་བོད་མིའི་ངོས་ནས་ཆོས་ཕྱོགས་ཀྱི་མཆོད་འབུལ་སྨོན་ལམ་བརྒྱུད་གདུང་སེམས་མཉམ་སྐྱེ་གནང་ཐུབ་པར་དོན་སྙིང་ལྡན་པ་ཞིག་ཡིན་པས་འདིར་ཕེབས་པ་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་སྨོན་ལམ་མཇུག་སྒྲིལ། ཐེངས་འདིའི་མཆོད་འབུལ་སྨོན་ལམ་ལ་ཐེ་ཝན་གྱི་གསར་འགོད་པས་དོ་སྣང་ཆེན་པོ་གནང་སྟེ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་ཐོན་བྱུང་ཡོད།།