༢༠༡༤ ཟླ་ ༧ ཚེས༌ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༣ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་རྡ་ས་མེཀ་ལོ་གྷན་ཇིར་རྟེན་གཞི་བྱས་པའི་ཀ་ལབ་ཧའུ་སི་ཚོགས་ཁང་ (Club House) ནང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གོ་སྒྲིག་འོག་རྡ་ས་ཁུལ་གྱི་ཚོང་པ་དང་སློབ་ཕྲུག་ཚོར། ཚོང་གཉེར་ལས་དོན། (Entrepreneurship) ཅེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་དབུ་འཛུགས་གནང་འདུག
དེ་ཡང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཚོགས་ཀྱི་ཚོགས་གཞོན་ཝི་ཇེ་སིངྒ་མན་ཀོ་ཊི་ཡ་མཆོག་ ( Major Vijay Singh Mankotia ) དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཟབ་ཁྲིད་བ་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་མཱ་ཌི་ཤཱར་མ་ ( Mrs. Madi Sharma) ལགས། སི་ཀོཊ་ལེན་ཌ་དངུལ་ཁང་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་ཨཱ་ནཱ་རུ་ཛལ་ ( Mrs.Anna Ruzel) ལགས། ཧི་མཱ་ཅལ་ཚོང་དོན་ཁེ་ལས་ཀྱི་འགན་འཛིན་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། རྡ་ས་ཁུལ་གྱི་བོད་རིགས་ཚོང་པ་དང་རྒྱ་གར་གྱི་ཚོང་པ། དེ་བཞིན་དངུལ་ཁང་ཁག་གི་འགན་འཛིན་བཅས་ཁྱོན་མི་ ༣༠ ལྷག་ལྷན་འཛོམས་ཀྱིས་དབུ་འཛུགས་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་ཞལ་འབྱེད་གནང་གྲུབ་མཚམས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བློ་བཟང་བླ་མ་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་གུས་བརྒྱ་ཆ་བརྒྱ་ཞུ་བཞིན་ཡོད་པ་མ་ཟད། བོད་མི་ཚོས་དཀའ་སྡུག་གང་མྱངས་པ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ག་ཚོད་ཞུ་བཞིན་ཡོད་པ་ཤེས་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ཏེ་བོད་མི་ཚོར་དམག་ཆེན་གཉིས་པའི་སྐབས་ཀྱི་ཇེའུ་མི་རིགས་ལྟར་སྡུག་སྦྱོང་མནར་གཅོད་བཏང་སྟེ། དཀའ་སྡུག་མང་པོ་ཞིག་མྱངས་དགོས་བྱུང་ཡོད།
འོན་ཀྱང་དེང་སྐབས་བོད་མི་ཚོས་ཚོང་ལས་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་སྟབས། ངེས་པར་དུ་ཚོང་ལས་ཐོག་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གདེང་སྤོབས་ཐོབ་པ་བྱེད་དགོས། རྒྱ་གཞུང་གིས་དཔལ་འབྱོར་དང་ཚོང་ལས་བེད་སྤྱོད་བྱས་ཏེ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་བཟོ་བཞིན་ཡོད་སྟབས། གལ་ཏེ་དཔལ་འབྱོར་ཡག་པོ་མེད་ཚེ་ཁྱེད་ཚོའི་འབོད་སྒྲ་དེ་གྲངས་ཉུང་མི་རིགས་ཀྱི་འབོད་སྒྲ་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་ཡིན་སྟབས། ཚོང་ལས་དང་དཔལ་འབྱོར་ཐོག་ཤུགས་སྣོན་རྒྱག་ཐུབ་པ་བྱེད་དགོས། ཁྱེད་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་ངས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དེ་བཞིན་མེཀ་གྷན་གྱི་ལམ་ཀ་དང་། ཆུ་ཡུར། གད་སྙིགས་བླུག་སྣོད། རླངས་འཁོར་འཇོག་ས། གཙང་སྦྲ་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་རྣམས་མངའ་སྡེའི་གཞུང་གིས་འགྲོ་སོང་བཏང་སྟེ། མགྱོགས་མྱུར་སེལ་ཐུབ་པ་བྱ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཁ་སང་ལྷོ་ཕྱོགས་ནས་ཕེབས་པའི་ངའི་གྲོགས་པོ་ཞིག་དང་སྐད་ཆ་བྱུང་། ཁོང་གིས་སྦེང་ལོར་ནས་རྒྱ་གར་གྲོགས་པོ་ཞིག་༸གོང་ས་མཆོག་མཇལ་བར་མགྲོན་འབོད་བྱས་འདུག གྲོགས་པོ་དེས་རྡ་རམ་ས་ལར་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་བཞུགས་མཛད་ཀྱི་ཡོད་ཀྱང་། ཁུལ་འདིར་ལམ་ཁ་ཧ་ཅང་སྐྱོ་པོ་ཡོད་པ་ནི་དངོས་གནས་ཁོང་རང་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་ངོ་ཚ་སྐྱེ་དགོས་པ་ཞིག་རེད་ཅེས་བརྗོད་པ་ལྟར། ཁོང་དང་ཁོང་འདྲ་བའི་རྒྱ་གར་དང་ཕྱི་རྒྱལ་མི་མང་པོ་ཞིག་གིས་དེ་ལྟར་ཚོར་བཞིན་ཡོད་སྟབས། ཧི་མཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་བཞུགས་སྒར་ཁུལ་གྱི་དཀའ་ངལ་དེ་དག་སེལ་རྒྱུ་ཡིན་སྐོར་ཁས་ལེན་གནང་བ་ལྟར། ང་ཚོས་ཁ་བཤད་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གོ་སྐབས་འདི་བསྐྲུན་ཏེ། སྔོན་ལ་བཀའ་མོལ་ཞུས་པ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་མི་མཱ་ཌི་ཤཱར་མས་སྣེ་འཁྲིད་དེ་ལྡི་ལིར་ཉིན་མ་གཉིས་དང་། རྡ་སར་ཉིན་མ་གཉིས་བཅས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་གི་འདུག
བོད་པའི་ཚོང་པ་དང་རྒྱ་གར་གྱི་ཚོང་པའི་བར་ལ་འབྲེལ་བ་དམ་ཟབ་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་འགན་འཛིན་ལྷན་ཚོགས་ཚོས་རྒྱ་གར་ལ་འབྲེལ་བ་གང་མང་བཟོ་ཐབས་བྱེད་བཞིན་ཡོད་པ་ལྟར། ཧི་མཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་ཕེབས་ཏེ་རྡ་རམ་ས་ལའི་དཀའ་ངལ་སེལ་རྒྱུར་ཁས་ལེན་མང་པོ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཟབ་སྦྱོང་འདི་བཞིན་ཕྱི་ཚེས་ ༢༤ ནས་ ༢༥ བར་ཉིན་གྲངས་གཉིས་རིང་རྡ་ས་བོད་ཕྲུག་ཁྱིམ་སྡེའི་ཚོང་རིགས་སྡེ་ཚན་གྱི་སློབ་ཕྲུག་དང་། རྡ་ས་ཁུལ་གྱི་བོད་མི་དང་རྒྱ་གར་ཚོང་ལས་བདེ་ཚོགས་བར་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་སྐོར་ལ་ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་དང་། ཟབ་ཁྲིད་པ་ནི། ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་མཱ་ཌི་ཤཱར་མ་ལགས་དང་། ལྕམ་ཨཱ་ནཱ་རུ་ཛལ་ ལགས། པོ་ལན་ཊ་སྲིད་འཛིན་གྱི་ཡུ་རོབ་གྲོས་ཚོགས་ཀྱི་ཕྱག་རོགས་ལྕམ་ཀཱར་མན་ ( Mrs. Carmen Godeanu) ལགས་བཅས་ཡིན་འདུག