༢༠༡༤ ཟླ་ ༧ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཨ་རིར་བཅའ་བཞུགས་རྒྱལ་སྤྱིའི་གསར་འགོད་པ་པེ་ཊོ་བྷི་ཧན་ལགས་ཀྱིས་ད་ལྟ་འཛམ་གླིང་ནང་འབྱུང་བཞིན་པའི་གནད་དོན་འདྲ་མིན་ཁྲོད་སྣང་མེད་གཏོང་ཐབས་བྲལ་བའི་ཛ་དྲག་གི་གནད་དོན་དགུ་ཐེར་འདོན་གནང་བའི་ཁོངས་བོད་དང་ཤིན་ཅང་ནང་རྒྱ་ནག་གཞུང་ནས་ཆོས་དང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་བཀོད་འདུག
ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༡ ཉིན་ (MIC) ཞེས་པའི་གསར་འགྱུར་བརྒྱུད་ལམ་ཐོག་པེ་ཊོ་བྷི་ཧན་ལགས་ཀྱི་གནས་ཚུལ་འདོན་སྤེལ་གནང་བའི་ནང་འཁོད་དོན། དེང་སྐབས་འཛམ་གླིང་གི་གསར་འགྱུར་འགོ་བརྗོད་ནང་ཡང་ཡང་བསླེབས་ཀྱི་མེད་ཀྱང། རྒྱ་ནག་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། བོད་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། དེར་བརྟེན་བོད་ནང་དང་བཙན་བྱོལ་དུ་གནས་པའི་བོད་མི་ཚང་མས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད། ལྷག་པར་རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་ནང་ཡོད་པའི་བོད་མི་དང་ཡུ་གུར་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དང་རིག་གཞུང་གིས་མཚོན་ཆབ་སྲིད་ཀྱི་ཐོབ་ཐང་བཙན་འཕྲོག་བྱེད་ཀྱི་ཡོད། དེ་བཞིན་མི་རིགས་དེ་གཉིས་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་མི་མང་དག་ཅིག་ལ་མནར་གཅོད་དང་བཙོན་འཇུག་བྱེད་ཀྱི་ཡོད་པ་མ་ཟད། ཞི་རྒོལ་ལ་ཉེས་འཛུགས་དང་དམ་བསྒྲགས་སོགས་བྱས་དང་བྱེད་མུས་ཡིན། ཞེས་སོགས་འཁོད་འདུག་པ་བཅས། །