༢༠༡༤ ཟླ་ ༧ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ལ་དྭགས་ནང་པའི་ཆོས་ཚོགས་ནས་མགྲོན་འབོད་ཞུས་པ་ལྟར། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ ཐོག་ལྷན་ཞུགས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་ལ་དྭགས་རྒྱལ་ས་སླེའི་བ་ཀུ་ལ་ (Kushok Bakula Rinpoche Terminal) གནམ་ཐང་དུ་ཕེབས་འབྱོར་སྐབས། ལ་དྭགས་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་དབང་ལགས་དང་། ལ་སྤྱི་དོན་གྲུབ་བཀྲ་ཤིས་རྣམ་གཉིས་ཀྱིས་དགའ་བསུ་དང་འཚམས་འདྲིའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་གིས་ལ་དྭགས་བསོད་ནམས་གླིང་གཞིས་སྒར་གྱི་མི་གྲངས་ཉིས་སྟོང་ལྷག་ཤོང་ཚད་ཀྱི་ཚོགས་ཁང་གསར་པའི་ནང་བོད་མི་རྣམས་ལ་ལམ་སྟོན་གསུང་བཤད་གནང་བ་མ་ཟད། ཕྱི་ཚེས་ ༡༢ ཉིན་ས་གནས་བོད་མིའི་ཚོགས་པ་ཁག་གི་ཚོགས་གཙོ་དང་ལྷན་བོད་ཀྱི་གནད་དོན་སྐོར་སྤྱི་དང་། བྱེ་བྲག་ཏུ་ལ་དྭགས་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ཀྱི་བདེ་དོན་སྐོར་བཞུགས་མོལ་ཚོགས་འདུ་ཚོགས་ཡོད། ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་སུ་ཕྱོགས་ཕེབས་སྐབས།
མངའ་སྡེའི་བློན་ཆེན་ངག་དབང་རིག་འཛིན་འཇོ་རྭ་མཆོག་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་རིག་འཛིན་དཔལ་འབར་ལགས། ལ་དྭགས་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་ལགས་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་སྟེ་ཕྱི་ཚེས་ ༡༤ ཉིན་ལྡི་ལིར་ཕེབས་ཡོད་པ་བཅས། །