༢༠༡༤ ཟླ་ ༧ ཚཻས་ ༢༢ རེས་གཟའ་མིག་དམར།
༄༅། །ཉེ་ཆར་རྒྱ་གར་གྱི་གསར་ཤོག་ཆུང་ཁག་གཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་སྤེལ་ཡོད་པ་དེ་ནི་དཀྲོག་གཏམ་ཁོ་ན་ཡིན་སྐོར་གྱི་འགྲེལ་བརྗོད་ཁ་གསལ་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༡ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་འཆི་མེད་རིག་འཛིན་མཆོག་གིས་གནས་ཚུལ་དེའི་སྐོར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་དོན། ཉེ་ཆར་རྒྱ་གར་གྱི་གསར་ལམ་ཁག་གཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བཀོད་པ་མ་ཟད། ལྡི་ལིར་སྨན་ཁང་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་འདུག སྤྱིར་བཏང་བརྒྱུད་ལམ་མང་པོ་ཡོད་ཀྱང་གནས་ཚུལ་དེ་ནི་དཀྲོག་གཏམ་ལ་དགའ་བ་དང་། ཆ་འཇོག་མེད་པའི་གསར་ལམ་ཆུང་ཁག་གཅིག་གིས་སྤེལ་ཡོད་འདུག འོན་ཀྱང་ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པ་མ་ཟད། ལ་དྭགས་སུ་དུས་དབང་གྲུབ་མཚམས་ཕྱི་ཚེས ༡༧ ཉིན་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཏེ་ཉིན་ཤས་རིང་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཀྱིས་གཙོས་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད་མ་གཏོགས། སྨན་ཁང་ལ་ཆིབས་སྒྱུར་བསྐྱངས་དགོས་པའི་སྙུང་གཞི་མེད་པར་བརྟེན་གནས་ཚུལ་དེ་ནི་དཀྲོག་གཏམ་ཁོ་ན་ཆགས་ཡོད། དེར་བརྟེན་བོད་མིས་གཙོས་འཛམ་གླིང་དད་ལྡན་མང་ཚོགས་ཚང་མ་བློ་བདེ་པོ་བྱས་ཏེ་བཞུགས་རོགས་གནང་ཞུ་རྒྱུ་ཡིན།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ཇར་མན་དུ་འཇིག་རྟེན་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཇར་མན་ (Germany) གྱི་གྲོང་ཁྱེར་ཧམ་བྷར་གྷ་ (Hamburg) ནང་འཇིག་རྟེན་བཟང་སྤྱོད་ཀྱི་འགོ་བརྗོད་འོག་མི་སོ་སོའི་རང་བཞིན་ལྷན་སྐྱེས་ཀྱི་ཡ་རབས་གཤིས་བཟང་རྣམས་ཀྱི་རིན་ཐང་། ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༤ ནས་ ༢༦ ཉིན་སྤྱོད་འཇུག་གི་གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་དབང་། ཕྱི་ཚེས་ ༢༤ ནས་ ༢༥ ཉིན་གཉིས་ཀྱི་རིང་ཇར་མན་གྱི་གྲོང་ཁྱེར་ཧམ་བྷར་གྷ་ནང་སྤྱོད་འཇུག་གི་གསུང་ཆོས་སྩལ་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་དབང་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་རང་སོར་གནས་ཡོད། ཅེས་འགྲེལ་བརྗོད་གནང་འདུག་པས་བོད་ཕྱི་ནང་གཉིས་སུ་གནས་པའི་རང་རིགས་རྣམས་ཀྱི་གཙོས་འཛམ་གླིང་ས་ཕྱོགས་གང་དུ་བཞུགས་པའི་དད་ལྡན་མི་མང་རྣམས་ཀྱིས་འདི་ལྟ་བུའི་དཀྲོག་གཏམ་ལ་ནམ་ཡང་གསན་འཇོག་མ་གནང་བར་ཐུགས་བློ་བདེ་པོ་བྱས་བཞུགས་རོགས་གནང་ཞུ་རྒྱུ་བཅས།།