༢༠༡༤ ཟླ་ ༧ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བོད་ཁམས་རྟའུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་གིས་ད་ལྟ་ཡང་ཁ་པར་དང་དྲ་ལམ་སོགས་ལ་དམ་བསྒྲགས་བྱེད་བཞིན་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་ཡུལ་གྲུ་གང་སར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་ལྟར་བོད་ནང་གི་ས་གནས་ཁག་མང་པོའི་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་བོད་མི་ཚོས་༸གོང་ས་མཆོག་གི་སྐུ་དཔར་སྒྲིག་གཤོམ་གྱི་མཚོན་བསང་གསོལ་དང་། རྟ་རྒྱུགས་འགྲན་བསྡུར་སོགས་ལས་དོན་མང་པོ་སྤེལ་བའི་གནས་ཚུལ་འཐོན་མུས་བཞིན། བོད་ཁམས་རྟའུ་རྫོང་དུའང་སྐྱ་སེར་དབྱེར་མེད་ཀྱི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུའི་གྲ་སྒྲིག་ཡོད་ནའང་ཕྱི་ཚེས་ ༥ ཉིན་རྒྱ་གཞུང་གིས་ས་གནས་ཀྱི་ཁ་པར་དང་དྲ་ལམ་སོགས་སྒོ་བརྒྱབ་པ་མ་ཟད། ལོ་ལྟར་བོད་ཁམས་རྟའུ་རྫོང་གི་མི་དམངས་ཚོས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཡུལ་ས་གནས་ཀྱི་གཞི་བདག་རྨ་རྒྱལ་སྤོམ་རར་བསང་གསོལ་སོགས་བྱས་ནས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་ནའང་། འདི་ལོའི་འཁྲུངས་སྐབས་རྒྱ་གཞུང་གིས་ས་གནས་ཀྱི་གཞི་བདག་རྨ་རྒྱལ་སྤོམ་རར་དམག་མིའི་གུར་བཅུ་དྲུག་ཙམ་གློ་བུར་དུ་བརྒྱབ་སྟེ་ས་གནས་ཀྱི་མི་དམངས་ལ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཅུག་མེད་པ་མ་ཟད། བོད་ཁམས་རྟའུ་རྫོང་དུ་རྒྱ་ནག་གི་དྲག་པོའི་དཔུང་དམག་གིས་ལག་ཏུ་མེ་མདའ་ཁྱེར་ཏེ་དམག་སྦྱོང་དང་སྦྲགས་ཡར་འགྲོ་མར་འོང་བྱས་པ་དང་། གྲོང་སྡེ་ཁག་ནང་དམག་མི་བཀྲམ་སྟེ་དམ་བསྒྲགས་བྱས་ཡོད་འདུག ས་གནས་ཀྱི་སེར་སྐྱ་མི་དམངས་རྣམས་ནས་རྒྱ་གཞུང་གིས་དམ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་རང་རང་སོ་སོའི་ནང་དུ་བསང་གསོལ་བཏང་བ་སོགས་བྱས་ཡོད་འདུག
སྤྱིར་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་བོད་ཁམས་རྟའུ་རྫོང་དུ་ས་གནས་གཞུང་གིས་ཚོགས་འདུ་ཞིག་ཚོགས་ཏེ་ས་གནས་ཀྱི་ཞི་བདེའི་ཆེད་ཡིན་ཞེས་ཡིག་ཆ་སྟོན་ཏེ་ཉེ་ཆར་ལ་དྭགས་སུ་ཚོགས་པའི་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་དུ་འགྲོ་མི་ཆོག་པ་དང་། ༸གོང་ས་མཆོག་གི་སྐུའི་འཁྲུངས་ཉིན་མི་དམངས་འདུ་འཛོམས་བྱེད་མི་ཆོག་པ། ས་གནས་སུ་རང་ལུས་མེར་སྲེག་རིགས་བྱུང་ན། མི་དམངས་འདུ་འཛོམས་ཀྱི་རྒྱབ་སྐྱོར་མི་ཆོག་པ། ཕྱི་ཕྱོགས་སུ་ཡོད་པའི་བོད་མིའི་སྐད་ཆ་རྣམས་ནང་དུ་འཁུར་ནས་མི་དམངས་དབར་བཤད་མི་ཆོག་པ་བཅས་དོན་ཚན་བཞིའི་ཐོག་ས་གནས་ཀྱི་དུད་ཚང་རེ་རེའི་འགན་གཙོ་བོ་འཁུར་མི་ཚོས་ས་རྟགས་བརྒྱབ་དགོས་པའི་བཙན་བཀའ་བཏང་སྟེ། ས་རྟགས་བརྒྱབ་རྗེས་གོང་གི་དོན་ཚན་བཞི་དང་འགལ་ཚེ་ལོ་ལྔ་ནས་བཅུ་བར་བཙོན་འཇུག་བྱེད་རྒྱུའི་ཐག་བཅད་ཡོད་སྟབས། ས་གནས་བོད་མི་ཚོའི་ས་རྟགས་བརྒྱབ་མེད་པ་དང་། གཞན་ཡང་འདི་ལོའི་༸གོང་ས་མཆོག་གི་སྐུའི་འཁྲུངས་ཉིན་དང་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་ཐེངས་ ༣༣ དང་བསྟུན་དཀར་མཛེས་རྫོང་དང་། གྲང་ཁོ་རྫོང་། རྟའུ་རྫོང་སོགས་ནང་ཁ་པར་དང་དྲ་ལམ་སོགས་བརྒྱུད་ལམ་ཡོངས་རྫོགས་སྒོ་བརྒྱབ་སྟེ་ད་ལྟའང་ཕྱེ་མེད་པ་རེད་འདུག