༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༨ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༦ ཉིན་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་ཨ་རུ་ན་ཅལ་མངའ་སྡེའི་ནང་ (Arunachal Pradesh) བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༡ ཚེས་ ༨ ནས་ཚེས་ ༡༣ བར་མཛད་འཕྲིན་རྒྱ་ཆེ་བསྐྱང་གནང་མཛད་རྒྱུ་ཡིན་པར་བརྟེན་ས་གནས་དེའི་སེར་སྐྱ་མང་ཚོགས་རྣམས་ནས་༸གོང་ས་མཆོག་༸ཞབས་སོར་མ་འཁོད་གོང་གྲ་སྒྲིག་རྒྱ་ཆེ་གནང་ཡོད། དེ་ཡང་རེས་གཟའ་ཉི་མའི་ཉིན་༸གོང་ས་མཆོག་ཁུལ་དེར་ཡོད་པའི་རྟ་དབང་དགོན་པར་ཆིབས་སྒྱུར་མ་བསྐྱང་སྔོན་རྟ་དབང་དགོན་པའི་ཕྱི་ནང་གཉིས་སུ་དད་ལྡན་མང་ཚོགས་ཀྱིས་སྤྲོ་སྣང་ཆེན་པོའི་ཐོག་ལམ་གཞུང་གཙང་བཟོ་དང་། ཁང་པར་དཀར་རྩི་གཏོང་བ། ཕེབས་སྒོ་སྒྲིག་འཛུགས་བྱེད་པ་སོགས་ཚ་ཚ་འུར་འུར་ངང་གྲ་སྒྲིག་བྱས་བཞིན་ཡོད། ད་ཐེངས་༸གོང་ས་མཆོག་གིས་རྟ་དབང་གཙོས་ཁུལ་དེར་ཡོད་པའི་ས་གནས་ཌི་རང་ (Dirang) དང་། འབུམ་སྡེ་ལ་ (Bomdilla) སོགས་ལའང་༸ཞབས་སོར་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་དང་། དེ་ཡང་མངའ་སྡེའི་སྣེ་ལེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཚོ་སྣ་རིན་པོ་ཆེས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་བའི་ཐོག་གསུང་དོན། ༸གོང་ས་མཆོག་གི་ཕེབས་བསུའི་ཆེད་དུ་དགེ་འདུན་པ་གྲངས་ ༧༠༠། ༨༠༠ ཙམ་གྱིས་ཆོས་ཕྱོགས་ཀྱི་ཕེབས་བསུ་ཞུ་རྒྱུའི་གྲ་སྒྲིག་ལེགས་པར་ཟིན་ཡོད། དེ་མཚུངས་རྟ་དབང་དགོན་པའི་ཉེ་འདབས་སུ་ཡོད་པའི་སློབ་གྲྭའི་རྩེད་ཐང་དུ་ཉིན་གསུམ་རིང་༸གོང་ས་མཆོག་གིས་གསུང་ཆོས་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་ཡིན་པས་རྩེད་ཐང་ཕྱི་ནང་གཉིས་སུ་གྲ་སྒྲིག་ལེགས་པར་གྲུབ་ཡོད་ཅེས་གསུངས་ཡོད། ད་རེས་ཆིབས་སྒྱུར་སྐབས་༸གོང་ས་མཆོག་གིས་རྟ་དབང་ནང་གི་སྨན་ཁང་གསར་པ་ཞིག་གི་དབུ་འབྱེད་བསྐྱང་གནང་མཛད་རྒྱུ་ཡིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་རྟ་དབང་ཁུལ་དུ་ཆིབས་སྒྱུར་བསྐྱང་ཐེངས་ལྔ་པ་དེ་ཡིན་པ་དང་། ཕྱི་ལོ་ ༡༩༥༩། ༡༩༩༦། ༡༩༩༧། ༢༠༠༣ ལོ་བཅས་སོ་སོར་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་པ་བཅས་ཀྱི་གནས་བསྡུས་སུ།