༢༠༡༤ ཟླ་ ༧ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་ལྟར། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༨ ཉིན་ནས་བཟུང་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ས་གནས་འགོ་འཛིན་གྱི་ཁོངས་གཏོགས་ས་གནས་ཁག་ལྔ་དང་དགོན་སྡེར་འཚམས་གཟིགས་དང་འབྲེལ་སེར་སྐྱ་མང་ཚོགས་ལ་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་བདེ་སྐྱིད་གླིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྱང་ཕྱོགས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་གིས་དབུས་ས་གནས་འགོ་འཛིན་དང། གཞུང་དང་གཞུུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ས་འཐུས་རྣམ་པ། ས་གནས་མི་དམངས་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བར་ས་གནས་འགོན་འཛིན་གྱིས་དབུ་མའི་ལམ་གྱི་ལས་གཞི་ངོ་སྤྲོད་གནང་གྲུབ་མཚམས་བཀའ་བློན་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་དོན། ཐོག་མར་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།
ད་ལྟ་ང་ཚོའི་ལངས་ཕྱོགས་གཉིས་ཕན་དབུ་མའི་ལམ་ནི་བཀའ་སྤྱི་གཉིས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཆགས་ཡོད་པ་མ་ཟད། བོད་རྒྱའི་དཀའ་ངལ་སེལ་རྒྱུར་ཐབས་ལམ་ཡག་ཤོས་ཤིག་ཀྱང་ཆགས་ཡོད། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱལ་སྤྱི་དང་། ཤེས་ཡོན་ཅན་གྱིས་གཙོས་མི་སྒེར་སོགས་མང་དག་ཅིག་གིས་རྒྱབ་སྐྱོར་བྱེད་བཞིན་ཡོད།
དེ་བཞིན་རྒྱ་རིགས་ཁྲོད་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ལོ་རེ་ལས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ང་ཚོས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་དེ་སྔར་ལྷག་རྒྱ་ཆེ་རུ་གཏོང་དགོས་གལ་ཆེན་པོ་ཆགས་ཡོད། དེ་ཡང་གོམ་པ་དང་པོ་ནི། ང་ཚོ་བོད་པའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་དགོས་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེར་བརྟེན་བོད་མིའི་སྒྲིག་འཛུགས་ངོས་ནས་གནད་འགག་ཅིག་ལ་གཟིགས་ཏེ། ལྷན་ཁང་ཚང་མའི་བཀའ་བློན་དང་དྲུང་ཆེ་རྣམ་པ་ས་གནས་ས་ཐོག་ཏུ་བསྐྱོད་དེ་དབུ་མའི་ལམ་གྱི་སྲིད་བྱུས་མི་དམངས་ལ་གོ་རྟོགས་སྤེལ་འགོ་ཚུགས་ཡོད། སྤྱིར་བཏང་ཉེ་བའི་ལོ་འདིའི་ནང་ང་ཚོ་བཀའ་ཤག་སྐབས་བཅུ་བཞི་པས་འགན་ཁུར་ཞུས་ཏེ་ལོ་གཉིས་དང་ཕྱེད་ཀ་ལྷག་ཙམ་ནང་དོ་སྣང་གང་ཞིག་བྱུང་སོང་ཞེ་ན། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་ནས་རྒྱུན་འཁྱོངས་ཐོག་གཞན་ལ་འགྲེལ་བཤད་མཐིལ་ཕྱིན་པ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་བྱུང་།
ཞེས་སོགས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་དང་མང་ཚོགས་ཀྱི་དོགས་དྲི་ཁག་ལ་ལན་འདེབས་གནང་། དེ་ནས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས་ཡོད།
དེ་བཞིན་བཀའ་བློན་མཆོག་གིས་ཕྱེད་ཡོལ་ཚེ་རིང་དོན་ལྡན་གཞིས་ཆགས་སུ་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་འདུག་པ་བཅས།