༢༠༡༤ ཟླ་ ༧ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་སྡེ་ར་ལྡུན་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་ས་ཁུལ་ཁག་ནང་དཔལ་ལྡན་བཀའ་ཤག་གི་བཀའ་འབྲེལ་ལྟར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག དེ་ཡང་ཕྱི་དྲིལ་བཀའ་བློན་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༨ ཉིན་གྱི་སྔ་དྲོ་དཔལ་ས་སྐྱ་ཆོས་སྒར་དང་། དེ་ནས་དཔལ་འབྲི་གུང་མ་དགོན་དང་དཔེ་མཛོད་བཅས་སུ་གནས་གཟིགས་གྲུབ་མཚམས། མ་སུ་རིར་ཕེབས་ཏེ་ཁུལ་དེའི་བོད་དགོན་དང་སློབ་གྲྭ དེ་བཞིན་ཁ་འཐོར་མི་མང་བཅས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༩ ཉིན་ར་སྤུར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་། ར་སྤུར་མཉམ་ལས། ཁ་འཐོར་མི་མང་བཅས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ། ཕྱེད་ཡོལ་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་དགོན་སྡེ་ཁག་ཏུ་གནས་གཟིགས་དང་སེར་སྐྱ་མང་ཚོགས་ལ་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢༠ ཉིན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་དང་། ཉེ་འཁོར་དགོན་སྡེ་ཁག སློབ་གྲྭ ཚེ་རིང་དོན་ལྡན་གཞིས་ཆགས་བཅས་སུ་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།