༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༥ ཉིན་༸གོང་ས་མཆོག་གྲོང་ཁྱེར་ནཱ་ཧའི་ (Naha) ནང་ཧ་ཡི་བ་ནོ་ཨི་ཤེ་ཇི་ (Heiwa-no-isheji) ཞེས་པའི་ས་གནས་དེར་ཨོ་ཀི་ན་བའི་དམག་གི་དྲན་རྟེན་སྐྱེད་ཚལ་ (Okinawa War Memorial Park) ཞེས་པ་དེར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་
སློབ་ཕེབས་དོན། ང་ཚོས་ཨི་རག་ (Iraq) ནང་དམག་མ་བརྒྱབ་སྔོན་ཙམ་དུ་ཨོ་སི་ཊོ་ལི་ཡ་ནས་ཨ་རིའི་བར་མི་མང་གིས་གོམ་བགྲོད་ཐོག་ཨི་རག་ལ་དམག་རྒྱག་རྒྱུའི་འཆར་གཞི་དེར་ངོ་རྒོལ་བྱས་ཡོད་པ་མཐོང་ཡོད། འཚེ་བའི་ལས་ཀྱིས་བརྟན་ལྷིང་མེད་པར་དཀའ་ངལ་ཁོ་ན་བཟོ་གི་ཡོད་པས་དེ་ནི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་མིན། ཉི་ཧོང་ཡུལ་མི་ཚོས་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་མྱངས་ཡོད་པ་དང་། དམག་འཁྲུུག་མང་པོ་ཞིག་གི་དཀའ་ངལ་ཁྱེད་ཚོས་མྱངས་ཡོད་པར་བརྟེན་ད་ཆ་ཁྱེད་ཚོས་འདས་པའི་ཉམས་མྱོང་ནས་བློ་སྐྱེས་ལེན་ཏེ་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་ཐུབ་པ་ཞིག་བྱེད་དགོས་ཞེས་བཀའ་སློབ་སྩལ་ཡོད།
དེ་རྗེས་ཨོ་ཀི་ན་བའི་རྩེད་ཐང་ (Okinawa Kentritsu Budokan Stadium) དུ་མི་ཚོགས་ ༥༠༠༠ བརྒལ་བ་འདུ་འཛོམས་ཐོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་༸ཞབས་སོར་འཁོད་སྐབས་མང་ཚོགས་རྣམས་དུས་གཅིག་ཏུ་སྐུ་བཞེངས་ཐོག་༸གོང་ས་མཆོག་ལ་ཆེ་མཐོང་ཆེན་པོ་ཞུས་ཡོད། འདུ་འཛོམས་དེར། ཞི་བདེ་དང་བྱམས་སེམས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་མ་སྩལ་གོང་ཐོག་མར་མགོན་པོ་གང་ཉིད་ཀྱིས་ཚོགས་འདུ་གོ་སྒྲིག་གནང་མཁན་ཚོར་མི་མང་དང་ལྷན་དུ་༸གོང་ས་མཆོག་གི་ཐུགས་ཀྱི་མྱོང་བ་དེ་དག་མང་ཚོགས་དང་བརྗེས་ལེན་མཛད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་མཛད། མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ་དེ་གལ་ཆེ་ཤོས་སུ་བརྩི་གནང་མཛད་བཞིན་ཡོད་སྐོར་བཀའ་སྩལ་རྗེས་ཞི་བདེ་དང་འབྲེལ་བའི་ཐོག་བཀའ་སློབ་ཕེབས་དོན། འཚེ་བ་མེད་པ་ཙམ་གྱི་ཞི་བདེ་མིན་པར་འཚེ་བའི་ལས་ཀ་བྱེད་རྒྱུ་དེ་འགོག་ཐུབ་པར་མིའི་ནུས་པ་ཞིག་སྐྱེ་ཐུབ་པ་དགོས། བྱམས་བརྩེ་ཟེར་བ་དེ་སྙིང་རྗེ་ཞིག་མིན། དེ་ནི་གཞན་སྡུག་བསྔལ་ལས་གྲོལ་བའི་ཐོབ་ཐང་ཡོད་བསམ་པའི་བསམ་བློ་དེ་སྒོམ་པའི་དབང་གིས་གཞན་གྱི་བདེ་ཐབས་ལ་བཅོས་མིན་གྱི་གུས་བརྩི་དང་སེམས་འཚབ་སྐྱེ་ཐུབ་པ་ཞིག་དགོས། ༸གོང་ས་མཆོག་སྐུ་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ངོས་རང་ལོ་ ༡༦ སོན་སྐབས་རང་དབང་བརླག་པ་དང་། ལོ་ ༢༤ སོན་སྐབས་རྒྱལ་ཁབ་ཤོར་བ་རེད། འདས་པའི་ལོ་ ༥༠ རིང་བོད་ནས་ཡིད་སྐྱོའི་གནས་ཚུལ་མང་པོ་ཞིག་གོ་ཐོས་བྱུང་བ་སོགས་ཀྱི་གནས་སྟངས་དེ་འདྲ་ཞིག་ཡིན་ནའང་ངོས་ཀྱི་རྒྱུད་ལ་རང་གི་མས་བྱམས་བརྩེའི་ས་བོན་ཞིག་བཏབ་ཡོད་པ་དང་། ནང་ཆོས་ཐོག་བློ་སྦྱོང་བ། དེ་བཞིན་མི་སྣ་མང་པོ་དང་ཐུག་འཕྲད་བྱུང་བའི་ཉམས་མྱོང་སོགས་ལ་བརྟེན་ངོས་ཀྱི་སེམས་ལ་ད་དུང་ཞི་བདེ་ཕྲན་བུ་ཡོད། ཅེས་བཀའ་སྩལ། དེ་བཞིན་ཚོགས་བཅར་བ་ཞིག་གིས་བོད་དོན་དང་འབྲེལ་བའི་དྲི་བར་བཀའ་ལན་སྩལ་དོན། ད་ལྟའི་བོད་ནང་གི་གནས་སྟངས་ཇི་ཡིན་ཐོག་གནས་ཚུལ་མང་ཙམ་རག་ཐབས་བྱེད་དགོས་པ་དང་། བོད་ཀྱི་རིག་གཞུང་དང་ཁོར་ཡུག་གི་གནས་ཚུལ་སྐོར་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་དེ་རེད། རབ་བྱུང་ན་དུས་ཚོད་བཏང་ནས་བོད་ནང་ཕྱིན་ཏེ་དམ་བསྒྲགས་མེད་པའི་ཐོག་ནས་དངོས་ཡོད་གནས་ཚུལ་ཇི་ཡིན་ཉམས་ཞིབ་བྱེད་རྒྱུ་དེ་ཡིན། ཞེས་བཀའ་ལན་སྩལ་རྗེས་ཚོགས་འདུའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་༸གོང་ས་མཆོག་ས་གནས་དེར་༸ཞབས་སོར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་མགོན་པོ་གང་ཉིད་ཀྱིས་བསྐྲུན་པའི་ཞི་བདེའི་རླབས་རྒྱུན་དེ་གྲོང་ཁྱེར་ཨོ་ཀི་ན་བའི་ནང་རྟག་ཏུ་བྱིན་གྱིས་རླབས་པའི་རེ་བ་ཡོད་སྐོར་གསུངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།