༢༠༡༤ ཟླ་ ༧ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ལྡི་ལི་བོད་མིའི་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན།
སྤྱི་ནོར་༸གོང་ས་༸སྐྱབས་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་མཆོག་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་འབྲེལ་འདི་ལོ་ནས་ལོ་འཁོར་གཅིག་རིང་བོད་མི་ཡོངས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཆེད་ལྡི་ལི་གཞིས་སྒར་བསམ་ཡས་གླིང་དང་། ལ་དྭགས་རྡ་རམ་ས་ལ། དེ་བཞིན་ལྡི་ལི་གནས་སྡོད་བོད་མི་ཡོངས་ནས་དུས་ཆེན་སྲུང་བརྩི་ཞུས་པ་ཁག་གཤམ་གསལ། ཕྱི་ཟླ་ ༧ ཚེས་ ༦ ཉིན་གཞིས་སྒར་བསམ་ཡས་གླིང་ཁྱབ་ཁོངས་དང་། ལ་དྭགས་རྡ་རམ་ས་ལ། ལྡི་ལི་གནས་སྡོད་བོད་རིགས་སེར་སྐྱ་མི་མང་རྣམས་རང་ལུགས་ཆས་གོས་གཟབ་མཆོར་དང་སྦྲགས་ས་གནས་བོད་ཁྱིམ་ཉིན་སློབ་མདུན་ཐང་དུ་འདུ་འཛོམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ། བོད་བསྟན་སྲིད་སྐྱེས་འགྲོ་བདེ་ཐབས་ཆེད་༸རྒྱལ་བའི་འཁྲུངས་ལྷའི་གསོལ་མཆོད་གཟབ་རྒྱས་འབུལ་རྒྱུ་དང་། སྐུ་རླུང་དར་འཛུགས། དར་ཆེན་ན་བཟའ་སྒྲོན་འབུལ་ཐོག་བསངས་གསོལ་གཟབ་རྒྱས་འབུལ་བ་དང་སྦྲགས་ལྷ་རྒྱལ་འཐེན་ཡོད།
སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་མཆོག སྤྱི་འཐུས་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་ཁུངས་དང་ཚོགས་པ་ཁག་གི་ལས་བྱེད་ལྷན་འཛོམས་ཐོག སྐུ་མགྲོན་རྣམ་པ་དང་མི་མང་ཡོངས་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་སློབ་གྲྭའི་ཚོགས་ཁང་ནས་སེར་སྦྲེངས་དང་བཅས་གདན་ཞུས་ཀྱིས་བཞུགས་འཁྲིར་༸ཞབས་སོར་འཁོད་པ་དང། སྐུ་མགྲོན་གཙོ་བོ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་རྣམ་པ། ས་གནས་འགོ་འཛིན་དང་ལས་བྱེད། ཚོགས་པ་ཁག་གི་ཚོགས་གཙོ་གཙོས་པའི་སེར་སྐྱ་མི་མང་བཅས་ནས་རིམ་བཞིན་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་སྐུ་ཕྱག་དང་མཇལ་དར་སྒྲོན་འབུལ་ཞུས། དེ་ནས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ནས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ།
དེ་ནས་རྒྱ་གཞུང་གིས་གདུག་རྩུབ་བཙན་གནོན་འོག་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་ཕོ་མོ་འདས་གསོན་སྤྱི་དང་ཡང་སྒོས་བཙོན་ཁང་ནང་དཀའ་སྡུག་མྱངས་དང་མྱོང་མུས་ཡིན་པའི་ཆབ་སྲིད་བཙོན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་ཞུས། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྟེན་འབྲེལ་དགའ་སྟོན་དང་སྐུ་ཁམས་གསལ་བཞུགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཆེད་འགོ་ལས་ཡོངས་ནས་མངར་ཟས་ (cake) གོ་སྒྲིག་ཞུས་ཡོད་པའི་སྐུ་མགྲོན་གཙོ་བོ་མཆོག་གིས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་འདེགས་འབུལ་ཞུས་ཡོད་པ་མ་ཟད། སྐུ་མགྲོན་རྣམས་ལ་ཕུལ། ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་བསམ་ཡས་གླིང་དང་བྷུཏ་བྷི་ཧར་མི་མང་། ཟ་ཚོང་མགྲོན་གསུམ་དང་ནས་ལོ་གཅིག་རིང་རེས་གཟའ་ལྷག་པ་ལྷག་དཀར་ནམ་ཡིན་ལ་དམར་ཟས་སྤོང་རྒྱུ་ཁས་ལེན་ཞུས་ཡོད། དེ་བཞིན་གཞིས་སྒར་བསམ་ཡས་གླིང་བརྒྱ་འཐུས་ཡིག་ཚང་ནས་མཛད་སྒོར་ཕེབས་མཁན་ཡོངས་ལ་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཉ་དང་བྱིའུ་སྲོག་བླུ་འདྲ་མིན་བཏང་བ་མ་ཟད་ཡུལ་མིར་ཟས་སྦྱིན་བཏང་ཡོད། བྷུཏ་བྷི་ཧར་མི་མང་ནས་སྒྲོལ་མ་འབུམ་ཐེར་བཅུ་གསོག་སྒྲུབ་ཞུ་རྒྱུ་ཁས་ལེན་བྱུང་ཡོད།
ཕྱོགས་མཚུངས་ལྡི་ལི་ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་སྐུ་མགྲོན་དང་མི་མང་མཛད་སྒོར་ཕེབས་མཁན་ཡོངས་ལ་འཚམས་འདྲི་ཞུས་ཏེ་ཕྱི་ལོ་ ༢༠༡༤ ལོར་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་དུས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། ཕྱོགས་བཞུགས་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གསུང་བཤད་དང་སྐུ་མགྲོན་གཙོ་བོ་མཆོག་ནས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་དབུས་རྡ་སྟེང་བོད་ཁྱིམ་སློབ་མ་རྣམས་ནས་རྐྱང་གཞས་ལེའུ་གྲངས་ ༤ ཙམ་དང་། གཞིས་སྒར་གྱི་གཞོན་སྐྱེས་བཀྲིས་བཅས་ནས་སྐུའི་འཁྲུངས་སྐར་རྟེན་འབྲེལ་ཆེད་གཞས་སྣ་འཁྲབ་སྟོན་ཞུས་ཡོད། དེ་རྗེས་གཞིས་སྒར་བསམ་ཡས་གླིང་གི་བརྒྱ་འཐུས་སྟོབས་ལྡན་ལགས་ནས་སྐུ་མགྲོན་དང་མི་མང་ཡོངས་ལ་ཐུགས་རྗེ་ཆེའི་གསུང་མཐར་སྐུ་མགྲོན་དང་མི་མང་རྣམས་ལ་ཉིན་དགུང་གསོལ་ཚིགས་སྟབས་བདེ་ཞིག་ཕུལ་ཏེ་མཛད་སྒོ་གྲོལ་ཡོད།