༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༤ ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་འོག་ཕྱི་དྲིལ་ལས་ཁུངས་སུ་བཙན་བྱོལ་བོད་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་གསར་པ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་བས་དབུས་ཁྲིམས་ཞིབ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན། དེ་བཞིན་ཆོས་རིག་དང་དཔལ་འབྱོར་ཕྱི་དྲིལ་བཅས་ཀྱི་བཀའ་བློན་རྣམ་པ། འདེམས་ལྷན་ཚོགས་གཙོ་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞན་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་སྡེ་ཚན་དང་ཚན་པ་ཁག་གི་འགན་འཛིན་རྣམས་པ་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་ཀྱི་བརྙན་འཕྲིན་གྱི་ལས་གཞི་གསར་པའི་ལས་རིམ་དབུ་འབྱེད་གནང་གྲུབ་མཚམས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་ལས་གཞི་ངོ་སྤྲོད་གནང་གསལ། དེ་རིང་འདིར་སྡེ་ཚན་གསར་པ་ཞིག་འགོ་འཛུགས་ཀྱི་མཛད་སྒོ་སྟབས་བདེ་ཞིག་གྲ་སྒྲིག་ཞུས་ཡོད། བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་ཆུང་རྣམ་པ། དེ་བཞིན་གསར་འགོད་པ་ཁག་བཅས་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་འཚམས་འདྲི་ཞུ་རྒྱུ་དང་། ང་ཚོ་བརྙན་འཕྲིན་སྡེ་ཚན་འཛུགས་དགོས་རྒྱུ་དེ་མང་ཆེ་བ་རྣམ་པ་ཚོས་མཁྱེན་གསལ་རེད་སོགས་ཀྱི་གསུང་བཤད་གྲུབ་རྗེས་བཀའ་ཁྲི་མཆོག་ནས་སྦག་སུ་བརྙན་འཕྲིན་བརྒྱུད་ལམ་གྱི་དོ་བདག་སྐུ་ཞབས་བྷ་ག་ཏ་ P.C.Bhagat ལ་ཐུགས་རྗེ་ལེགས་གསོལ་གྱིས་མཇལ་དར་གནང་སྟེ་གསུང་བཤད་གནང་དོན། རྡ་སའི་སྦག་སུའི་བརྙན་འཕྲིན་བརྒྱུད་ལམ་དེ་བརྒྱུད་ནས་བོད་གཞུང་གི་སྒྲ་བརྙན་གྱི་ལས་རིམ་དེ་རྡ་སར་ཡོངས་ཁྱབ་སྟོན་རྒྱུ་འགོ་འཛུགས་ཞུ་བཞིན་ཡོད་པར་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འགོ་འཛུགས་གྲ་རྒྱས་པོ་བྱས་པ་དེ་ཕྱོགས་གཅིག་ནས་དགེ་མཚན་ཡོད་པ་རེད། དེ་གྲ་རྒྱས་པོ་བྱས་ནས་མཇུག་ལེགས་པོ་ཞིག་མ་བྱུང་ན་ཡག་པོ་མེད། དེར་བརྟེན་འགོ་འཛུགས་དེ་ལྟར་བྱས་པ་བཞིན་མ་འོངས་པར་ཕན་རླབས་ཆེན་པོ་དང་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཞུ་གི་ཡོད། སྤྱིར་བཏང་དེང་སང་ཉིན་ཆ་འཕྲིན་གྱི་དུས་རབས་ལྟ་བུ་ཞིག་བརྩིས་ཀྱི་ཡོད་པ་རེད། དེང་རབས་ཀྱི་གསར་འཕྲིན་མང་པོ་ཞིག་གི་ནང་གནད་འགག་ཞིག་ལ་བརྩིས་ཀྱི་ཡོད། དེ་ལྟ་བུ་གནད་འགག་ཆེ་བའི་གསར་འཕྲིན་དེས་འགྲོ་བ་མིའི་འཚོ་བ་དང་བདེ་སྐྱིད་ཀྱི་ནང་ལ་ཕན་གནོད་ག་རེ་བྱུང་ཡོད་པ་དེ་ང་ཚོས་ཞིབ་ཚགས་བྱས་ཏེ་ལྟ་དགོས་པ་ཞིག་ཡིན། ད་ལྟ་ནས་བརྩིས་པའི་ལོ་བཞི་བརྒྱ་སུམ་བརྒྱ་ཞིག་གི་སྔོན་ལ་འཛམ་གླིང་གི་འགྲོ་བ་མི་ཚང་མ་ནང་སེམས་ཀྱི་བདེ་སྐྱིད་དེ་ད་ལྟ་ལས་མང་བ་ཡོད་ན་མ་གཏོགས་ཉུང་བ་ཡོད་མདོག་ཁ་པོ་མ་རེད། དེང་རབས་ཀྱི་འཕྲུལ་ཆས་དང་ཚན་རིག་གིས་ཕྱི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང་དེའི་ནང་ནས་འགྲོ་བ་མིའི་ལུས་ཀྱི་བདེ་ཐང་ལ་ཕན་ཐོགས་ཡོང་དགོས་པ་ཞིག་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་ཕྱི་དྲིལ་དྲུང་འཕར་བཀྲིས་ལགས་ནས་ཐུགས་རྗེ་ཆེ་ཞུ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།