༢༠༡༤ ཟླ་ ༧ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་ Mr. John Kerry མཆོག་དེང་སྐབས་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༠ ཉིན་རྒྱ་ནག་གི་ཕྱི་སྲིད་དྲུང་ཆེ་ཡང་ཇི་ཅི་ Yang Jiechi དང་ལྷན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་སྐོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དམིགས་བསལ་གསར་འགོད་ལྷན་ཚོགས་སུ་ཕྱི་དྲིལ་ལས་བྱེད་རྒན་པ་ཞིག་གིས་དྲི་བར་གསལ་བཤད་གནང་སྐབས་གསུང་དོན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་དང་རྒྱ་ནག་གི་ཕྱི་སྲིད་དྲུང་ཆེ་ཡང་ཇི་ཅི་རྣམ་གཉིས་ཤིན་ཅང་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་སྐོར་དང་། རྒྱ་ནག་གཞུང་གིས་ཤིན་ཅང་གྲངས་ཉུང་མི་རིགས་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་སྐོར། དེ་བཞིན་བོད་ནང་གི་གནས་སྟངས་སྐོར་དང་། རྒྱ་ནག་གཞུང་གི་བོད་མི་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྲིད་བྱུས་གང་འདྲ་ཞིག་འཛིན་བཞིན་པའི་གནད་དོན་སྐོར་སོགས་གོ་བསྡུར་གནང་ཡོད་འདུག སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསལ་བཤད་གནང་དོན་ལྟར་ན། ཨ་རིའི་གཞུང་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་དང་ཤིན་ཅང་ལྟ་བུ་གྲངས་ཉུང་མི་རིགས་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་གུས་བརྩི་དང་གཅེས་སྲུང་བྱེད་དགོས་པའི་རེ་འདུན་བཏོན་ཡོད། ཅེས་འགྲེལ་བརྗོད་གནང་འདུག
ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་མཆོག་དང་ཨ་རིའི་དངུལ་གཉེར་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཇེཀ་ལིའོ་རྣམ་གཉིས་རྒྱ་ནག་ཏུ་ལོ་འཁོར་དཔལ་འབྱོར་ཐབས་བྱུས་སྐོར་གྱི་ལྷན་ཚོགས་སུ་ཆེད་ཕེབས་གནང་ཡོད། དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་གྱིས་གཙོས་གཞུང་འབྲེལ་མི་སྣ་ཁག་དང་མཇལ་འཕྲད་གནང་སྟེ་ཨར་རྒྱ་གཉིས་ཉེ་སྔོན་གསང་བའི་སོ་ལྟའི་གནད་དོན་ལྷག་སྟབས་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་ཆེན་པོ་བྱུང་བར་བརྟེན། ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་དང་ལྷན་འབྲེལ་བ་སྔར་ལྷག་ཡར་རྒྱས་གཏོང་ཐབས་གནང་བཞིན་ཡོད་འདུག