༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཨོ་སི་ཊོ་ལི་ཡའི་བོད་དོན་ལས་འགུལ་གྱི་འབྲེལ་མཐུད་པ་སྐུ་ཞབས་མོན་བྷེ་རེཀ་ཤའོ་ Dr. Simon Bradshaw ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཆེ་ཁག་གི་གྲོས་ཚོགས་གོང་འོག་ནང་ཡོད་པའི་འཐུས་མི་ཁག་གཅིག་དང་། འདི་ལོའི་ཕྱི་ཟླ་ ༧ ནང་བཞུགས་སྒར་རྡ་སར་ཕེབས་མཁན་གྲོས་ཚོགས་འཐུས་མི་ཁག་གཅིག་ བཅས་ནས་ཨོ་སི་ཊོ་ལི་ཡའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་གསར་པ་སྐུ་ཞབས་དྭགས་པོ་བསོད་ནམས་ནོར་བུ་ལགས་གྲོས་ཚོགས་ནང་གཞུང་འབྲེལ་སྣེ་ལེན་གྱི་འཚམས་འདྲི་ཞུས་པ་དང་ཆབས་གཅིག་སྐུ་ཚབ་དོན་གཅོད་ཟུར་པ་ཨ་ཏི་ཤ་ལགས་སུ་ཕེབས་སྐྱེལ་གྱི་གསོལ་སྟོན་ཞིག་ཀྱང་བཤམས་ཡོད། ཨ་ཏི་ཤ་ལགས་ནས་ཕྱི་ལོ་ ༢༠༠༣ ནས་ཕྱི་ལོ་ ༢༠༠༩ བར་བཙན་བྱོལ་བོད་གཞུང་གི་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་ཞུས་ཡོད། ཕེབས་སྐྱེལ་གྱི་གསོལ་སྟོན་དེའི་སྐབས་ཨ་ཏི་ཤ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་ལོ་དྲུག་ཞབས་ཕྱི་ཞུས་པའི་མྱོང་ཚོར་ཇི་བྱུང་རྣམས་འགྲེལ་བརྗོད་གནང་བ་དང་སྦྲགས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་བརྒྱུད་ནས་ཨོ་སི་ཊོ་ལི་ཡའི་གཞུང་ལ་བོད་ཀྱི་གནད་དོན་སེལ་རྒྱུར་ཁ་ཞེ་གཉིས་མེད་ཀྱིས་སྔ་ཕྱིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་གསར་རྙིང་རྣམ་གཉིས་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་ལྷན་བོད་དོན་དང་འབྲེལ་བའི་གནས་ཚུལ་གསལ་བཤད་དང་ཨོ་སི་ཊོ་ལི་ཡའི་གཞུང་གི་བོད་ཀྱི་གནད་དོན་དེ་ཞི་བའི་ཐོག་སེལ་རྒྱུར་གལ་གནད་ཆེ་བའི་མཐུན་འགྱུར་བྱེད་རྒྱུའི་བྱེད་སྒོ་ལམ་སྟོན་དང་འབྲེལ་བའི་གནས་ཚུལ་བརྗེས་ལེན་ལྷུག་པོར་གནང་ཡོད། ལྷན་ཚོགས་དེར་ཕེབས་པའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་གནད་དོན་དེ་ཞི་བའི་ཐོག་སེལ་རྒྱུར་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཚུལ་བསྐྱར་བརྗོད་གནང་ཡོད། བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ལྷན་འབྱུང་གྱུར་བོད་དོན་ཐོག་རྒྱབ་སྐྱོར་གྱི་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན་སྐོར་གྲོས་ཚོགས་འཐུས་མི་རྣམས་ནས་གཅིག་གྱུར་ཐོག་བསྐྱར་བརྗོད་ཞུས་ཡོད།དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཁན་བེར་རའི་ (Canberra) ནང་ཉིན་གཉིས་བཞུགས་རིང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་གཅིག་འབྱུང་འགྱུར་ལྷ་ས་གཙོ་བོར་རྒྱུར་བའི་བོད་ཀྱི་ས་ཁུལ་ནང་དང་རྒྱ་ནག་ནང་ལྟ་སྐོར་ཕེབས་མཁན་ཚོ་ཡང་ཐུག་འཕྲད་གནང་ཡོད། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བོད་ནང་ལྟ་སྐོར་ཕེབས་རྒྱུ་དེེ་ཕྱི་ལོ་ ༡༩༩༡ ནས་ད་བར་གཞུང་འབྲེལ་ལྟ་སྐོར་ཐེངས་དང་པོ་དེ་ཆགས་ཡོད། གྲོང་ཁྱེར་ཁན་བེར་ར་ནས་སྐུ་ཚབ་དོན་གཅོད་གསར་རྙིང་རྣམ་གཉིས་གྲོང་ཁྱེར་སི་ཌི་ནིར་ཕེབས་ནས་དེར་བོད་རིགས་དང་རྒྱ་རིགས་ཀྱི་ཚོགས་པ་ཁག་གཅིག་དང་། དེ་བཞིན་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་ཡང་ཐུག་འཕྲད་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་གཅིག་དང་ཐུག་འཕྲད་སྐབས་སྐུ་ཚབ་གསར་རྙིང་རྣམ་པ་གཉིས་ལ་གསོལ་ཚིགས་བཤམས་པ་དང་སྦྲགས་ཨོ་སི་ཊོ་ལི་ཡའི་ནང་བོད་རིགས་དང་རྒྱ་རིགས་དབར་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་གོ་སྐབས་ཇི་ཡོད་སྐོར་ལྷན་འཛོམས་ཐོག་གྲོས་བསྡུར་ལྷུག་པོ་ཞིག་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།