༢༠༡༤ ཟླ་ ༧ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་རྒྱལ་ས་སླེ་ཞི་བའི་ཚལ་གསུང་ཆོས་རྭ་བར་ཆིབས་སྒྱུར་བསྐྱངས་ཏེ། དཔལ་དུས་ཀྱི་འཁོར་ལོོའི་དབང་ཆེན་གྱི་ཆོ་ག་གསོག་སྒྲུབ་དང་དགེ་འདུན་པའི་མཚན་ཉིད་རྩོད་སྒྲུབ་ལ་གསན་གཟིགས་མཛད་ཡོད། དེ་ནས་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་དགའ་ལྡན་ཁྲི་རིན་པོ་མཆོག་གིས་དབུས་ས་སྐྱའི་གདུང་སྲས་མཆོག་དང་། བོད་མིའི་སྒྲི་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཇ་མུ་ཀ་ཤི་མི་རིའི་མངའ་སྡེའི་འཛུགས་སྐྲུན་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་ལགས། ལ་དྭགས་རང་སྐྱོང་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་བཟོད་པ་ལགས། ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་ལགས། བོད་དོན་རྒྱབ་སྐྱོར་བ་རི་ཆ་ཌི་གྷེར་ (Richard Gere) ལགས་གཙོ་བོར་གྱུར་བའི་བླ་སྤྲུལ་དགེ་བཤེས་སོགས་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ཆིག་འབུམ་བཞི་ཁྲི་བརྒལ་བར་བཀའ་སློབ་ཕེབས་དོན། དེ་རིང་དབང་བསྐུར་བ་དང་སྡོམ་པ་ཞུ་བ་བྱེད་ཀྱི་ཡོད་སྟབས། བླ་མ་དང་སློབ་མའི་འདུ་ཤེས་ཀྱི་ཐོག་ནས་ཆོས་འཆད་ཉན་བྱེད་དགོས་ཀྱི་ཡོད། ཁྱེད་རང་ཚོས་དགོས་དབང་གིས་བླ་མ་དུས་ཀྱི་འཁོར་ལོར་ཤེས་པར་བྱས་ཏེ་དད་པ་བྱེད་དགོས། ངོས་ལ་ཆ་མཚོན་ན་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བདག་པོའི་ཚུལ་དུ་ཡོད་པའི་བསམ་བློ་བཏང་སྟེ་བྱེད་དགོས་ཀྱི་ཡོད། བླ་མ་དང་སློབ་མའི་འབྲེལ་བ་ཆགས་ཡོད་པར་བརྟེན་དམ་ཚིག་གཙང་མ་དགོས་ཀྱི་ཡོད།
སྤྱིར་བཏང་རྒྱལ་པོ་ཤུགས་ལྡན་ནམ་དོལ་རྒྱལ་དེ་སྔ་ངོས་ཀྱིས་བསྟེན་པ་ཡིན། ཕྱིས་སུ་ལོ་རྒྱུས་ཡིག་རྙིང་སོགས་ལ་ཞིབ་འཇུག་དང་དོ་སྣང་བྱེད་སྐབས། ༸གོང་ས་ལྔ་པ་ཆེན་པོས་རྒྱལ་པོ་ཤུགས་ལྡན་འདི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ། བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞེས་གསུང་གི་འདུག དངོས་ཡོད་གནས་ཚུལ་ཐོག་དོལ་རྒྱལ་སྟེན་མཁན་ཚོས་གྲུབ་མཐའི་ཕྱོགས་ལྷུང་བྱས་ཏེ་དགེ་ལུགས་དང་། ས་སྐྱའི་ནང་དུའང་དོལ་རྒྱལ་སྟེན་མཁན་ཡོད། དགེ་ལུགས་ནང་དོལ་རྒྱལ་སྟེན་མཁན་ཚོས་སོ་སོའི་ཤག་ནང་རྙིང་མའི་དཔེ་ཆ་ཞིག་བཞག་ན། རྒྱལ་པོ་ཤུགས་ལྡན་གྱིས་གནོད་སྐྱེལ་གྱི་རེད། ཅེས་ཤོད་ཀྱི་འདུག སྔ་མོ་ངོས་ཀྱི་དོལ་རྒྱལ་བསྟེན་པ་ཡིན། དོལ་རྒྱལ་བསྟེན་པའི་རིང་ངོས་ཀྱིས་རྙིང་མའི་ཆོས་ཞུ་རྒྱུའི་རིགས་བདེ་པོ་མ་བྱུང་། དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱས་རྗེས་ངོས་ཀྱིས་རྙིང་མའི་ཆོས་སྐོར་དང་ས་སྐྱའི་ལམ་འབྲས། བཀའ་བརྒྱུད་ཀྱི་ཐར་རྒྱན་སོགས་མང་པོ་ཞུས་པ་ཡིན་སྟབས། ངོས་རང་རིས་མེད་བྱེད་ཐུབ་པའི་གོ་སྐབས་བྱུང་བ་རེད། གལ་སྲིད། དུས་འཁོར་དབང་ཆེན་ཞུ་བར་ཡོང་བའི་ནང་དོལ་རྒྱལ་སྟེན་མཁན་ཡོད་ན། འདིར་མ་སྡོད་རོགས་ཞེས་འཆར་ཅན་རྗོད་བཞིན་ཡོད། དོལ་རྒྱལ་སྟེན་དང་མ་བསྟེན་སོ་སོའི་འདོད་པ་རེད། བསྟེན་པ་ཡིན་ན་ངོས་ཀྱི་འགྲམ་ནས་དབང་དང་སྡོམ་པ་ཞུ་རྒྱུའི་རིགས་བྱས་ན། དམ་ཚིག་ཉམས་ཏེ་གཙང་མ་ཞིག་ཡོང་གི་མེད་པར་བརྟེན་དེ་རིགས་ཡོད་ན་འདི་གར་མ་སྡོད་རོགས་ཞུ་རྒྱུ་ཡིན། སྤྱིར་བཏང་འཛམ་གླིང་འདིའི་སྟེང་ཡི་ཤུ་དང་ཁ་ཆེ། ཇིའུ། མུ་སྟེགས་པ་སོགས་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཀྱི་ཡོད། ངོས་ལ་ཡི་ཤུ་དང་ཁ་ཆེ། ཧིན་རྡུ། ཇིའུ་སོགས་ཀྱི་ཆོས་པ་ངོ་ཤེས་མང་པོ་ཡོད། རང་རང་གི་ཆོས་རྣམ་དག་བྱས་ནས་ཕྱིན་ན་སེམས་རྒྱུད་ལྷོད་པོ་ཆགས་ཀྱི་རེད། བྱམས་བརྩེའི་བསམ་པས་གཞན་ཕན་བསྒྲུབ་རྒྱུའི་རིགས་ཆོས་བརྒྱུད་ཚང་མར་ཡོད་སྟབས། ཆོས་ལུགས་ཚང་མར་གུས་བརྩི་དང་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དཔེར་ན། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་། ཇོ་ནང་། བོན་དང་བཅས་པ་ཚང་མ་མཐུན་སྒྲིལ་ཡོང་རྒྱུ་གལ་ཆེན་པོ་རེད། དེ་རིང་ཁ་སང་བོན་གྱི་གདན་སའི་ནང་གཞུང་སྦྱང་རྒྱུས་མཚོན་རྟགས་གསལ་གཏོང་བ་དང་། གཞུང་ཆེན་རིགས་དབུ་མ་འཇུག་པ་སོགས་ལ་གཟིགས་རྒྱུའི་ལམ་སྲོལ་ཞིག་ཆགས་ཡོད་འདུག ལྷག་པར་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་ཆོས་བརྒྱུད་འཛིན་མཁན་ཚང་མ་སྟོན་པ་གཅིག་གི་དགེ་ཕྲུག་དང་། དེའི་ནང་ཚན་ནས་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་གཅིག་གྱུར་ཆགས་ཡོད་སྟབས། དགེ་ལུགས་དང་རྙིང་མ། ས་སྐྱ། བཀའ་བརྒྱུད། ཅེས་བརྗོད་ནས་དབྱེ་བ་འབྱེད་རྒྱུ་དེ་ཡག་པོ་མེད། ཚང་མ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཡོང་རྒྱུར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་རྣམས་ཀློག་པ་དང་ལྟ་བ། བསམ་བློ་བཏང་ནས་བརྟག་དཔྱད་བྱེད་དགོས། ས་དགེ་བཀའ་རྙིང་སུ་དང་སུ་ཡིན་ཡང་བླ་མ་ཚད་ལྡན་ཞིག་གི་འགྲམ་ནས་བཀའ་ཆོས་དང་བྱིན་རླབས་ཞུས་ན། དངོས་གནས་དྲང་གནས་ཆོས་ལུགས་མཐུན་སྒྲིལ་ཡོང་གི་རེད། དེ་མིན་ཆོས་ལུགས་མཐུན་སྒྲིལ་ཞེས་འདྲ་ཆགས་པོ་བྱས་ཀྱང་ཡོང་རྒྱུ་གང་ཡང་མེད་པར་བརྟེན་སེམས་ཀྱི་གཏིང་ནས་ཡིད་ཆེས་དགོས་ཀྱི་ཡོད། ཡིད་ཆེས་མེད་ན་མཐུན་སྒྲིལ་ཡོང་ཐབས་མེད། ཡིད་ཆེས་ཡོང་བར་ཤེས་དགོས་ཀྱི་ཡོད། ཤེས་པར་བརྟག་དཔྱད་བྱེད་དགོས། འདི་ལྟར་བྱས་ཏེ་ང་རང་ཚོའི་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ཚང་མ་མཐུན་སྒྲིལ་དགོས་པ་གལ་ཆེན་པོ་རེད། ང་ཚོས་ལོ་རྒྱུས་ལ་བལྟས་ན། དགེ་ལུགས་དགོན་པ་དེ་འདྲས་རྙིང་མ་དང་བཀའ་བརྒྱུད་ཀྱི་དགོན་པར་ཐུབ་ཚོད་བཏང་བ་དང་། ཡང་བཀའ་བརྒྱུད་པའི་དུས་ཚོད་ཅིག་ལ་བཀའ་བརྒྱུད་པས་དགེ་ལུགས་པར་ཐུབ་ཚོད་བྱས་ཏེ་སྨོན་ལམ་ཚོགས་མ་ཐུབ་པ་བྱུང་བ་རེད། དེ་དག་ཞབས་འདྲེན་དང་སྡིག་པ་གསོག་རྒྱུ་མ་གཏོགས་ཕན་ཐོགས་གང་ཡང་བྱུང་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། ཆོས་ཞུ་བ་སྤྱི་ཡོངས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། དེ་བཞིན་དགེ་བསྙེན་གྱི་སྡོམ་པ་སྒྲུབ་འདོད་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་ཡང་འབོགས་ཆོག་སྩལ་འདུག་པ་བཅས།