ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དཀྱིལ་འཁོར་ལེགས་པར་བཞེངས་གྲུབ་མཚམས་དུས་འཁོར་གྱི་ལྷ་ཚོགས་ལ་གར་གྱི་མཆོད་པ་ཕུལ་འདུག
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་རྒྱ་གར་ལ་དྭགས་སླེ་གྲོང་ཁྱེར་གྱི་ཞི་བའི་ཚལ་དུ་སྩལ་རྒྱུར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལེགས་པར་བཞེངས་གྲུབ་སྟེ་དུས་འཁོར་གྱི་ལྷ་ཚོགས་ལ་གར་གྱི་མཆོད་པ་ཕུལ་གནང་ཡོད་པ་དང་། དཔལ་ལྡན་རྣམ་རྒྱལ་གྲ་ཚང་གི་དགེ་འདུན་པ་ ༡༢ ཀྱིས་མཆོད་གར་ཕུལ་རྗེས་སུ་ལ་དྭགས་ཡུལ་མིའི་ཚོགས་ཁག་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོགས་ཁག། སོག་པོ། བོད་མིའི་སྒྲིག་འཛུགས་ཀྱི་ཟློས་གར་ཚོགས་པ་སོགས་ཀྱིས་རང་རང་སོ་སོའི་ན་བཟའ་བཞེས་ཏེ་གར་དང་གླུ་གར་གྱི་མཆོད་པ་ཕུལ་འདུག
དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེང་རྒྱུའི་ཐོག་སྒྲུབ་ཆོག་སོགས་རྣམ་རྒྱལ་གྲ་ཚང་གིས་འགན་ཁུར་རྐང་བཞེས་གནང་སྟེ་ས་ཡི་ཆོ་ག་དང་། ས་གར་ཞེས་གར་གྱི་རྣམ་འགྱུར་སྣ་ཚོགས་བསྟན་གནང་ཡོད་པ་དང་། དཀྱིལ་འཁོར་བཞེངས་གྲུབ་རྗེས་ཡིད་དུ་འོང་བའི་མཆོད་པ་མཚར་དུ་མངར་བ་བཤམས་ཏེ་གར་འཆམ་གྱི་ཐོག་ནས་མཆོད་པ་ཕུལ་གནང་འདུག ལྷག་པར་ཕྱི་ཚེས་ ༡༠ ནས་བཟུང་དུས་འཁོར་དབང་ཆེན་ཉིན་རྒྱབ་སྩལ་རྒྱུ་ཡིན་འདུག
ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༠ ཙམ་ནས་དུས་དབང་གི་ཆོས་ཞུ་ལ་ཕེབས་པའི་ཁོངས་སུ་ཨ་རི་དང་། ཁ་ན་ཌ། ལྷོ་ཨ་ཕི་རི་ཀ། འབར་མ། ཐེ་ལན་ཌེ་ཁྱོན་དད་ལྡན་ཆོས་ཞུ་བ་དེབ་སྐྱེལ་ཟིན་པའི་གྲངས་འབོར་ཆིག་འབུམ་ཉིས་ཁྲི་བརྒྱད་སྟོང་ལྷག་ཙམ་ཡོད་པ་མ་ཟད། རང་ལོ་ ༡༥ མན་ཆད་དེབ་སྐྱེལ་གནང་དགོས་ཀྱི་མེད་པའི་གནས་ཚུལ་ཐོན་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དུས་འཁོར་ལྷ་ཚོགས་ལ་གར་གྱི་མཆོད་པ་ཕུལ་བ།
གསར་གནས།

འབྲེལ་གནས།
