ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར།
༄༅། །རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་གཙོ་འགན་བཞེས་ཐོག་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔས་གོ་སྒྲིག་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན། སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཀར་ཎ་ཊ་ཀ་སྒྱུ་རྩལ་བསྟི་གནས་ཁང་དུ་བོད་དོན་དྲིལ་བསྒྲགས་ཆེད་བོད་ཀྱི་དུས་སྟོན་ ཞེས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ནས་ ༧ བར་ཉིན་གྲངས་གཉིས་རིང་ཚོགས་ཏེ་ཕྱི་ཚེས་ ༧ ཉིན་གྱི་དགོང་དྲོ་ཚུ་ཚོད་ ༦།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེར་འདུས་བོད་མི་དང་རྒྱ་གར་བ་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བའི་དབུས་སུ་དུས་སྟོན་མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན། ཐོག་མར་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲི་དང་འབྲེལ་དུས་སྟོན་གོ་སྒྲིག་གནང་མཁན་གྱིས་གཙོས་མཐུན་འགྱུར་སྐྲུན་མཁན་ཀར་ཎ་ཊ་ཀ་མངའ་སྡེའི་གཞུང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་བོད་མི་རྣམས་ནས་བདག་གཅེས་རྒྱུན་འཛིན་བྱས་དང་བྱེད་མུས་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་བཞིན་རྒྱ་གར་ནས་བྱུང་བ་ཞིག་ཆགས་ཡོད། དེ་བཞིན་བོད་ནི་རྒྱ་གར་ལ་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད། གླིང་ཆེན་ཨེ་ཤི་ནང་ཆབ་སྲིད་དང་ཁོར་ཡུག དམག་དོན། ཆུ་སོགས་ཀྱི་ཐད་ནས་དེ་བས་ཀྱང་གནད་འགག་ཆེན་པོ་ཆགས་ཡོད། དེར་བརྟེན་བོད་དོན་བདེན་མཐའ་གསལ་ཐབས་དང་འབྲེལ་བའི་བོད་ཀྱི་དུས་སྟོན་སོགས་གོ་སྒྲིག་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། མ་འོངས་པར་ཡིན་རུང་འདི་ལྟ་བུའི་དུས་སྟོན་གོ་སྒྲིག་ལ་ཀར་ཎ་ཊ་ཀ་མངའ་གཞུང་ནས་མཐུན་འགྱུར་བསྐྲུན་རྒྱུའི་རེ་འདུན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་ཀྱང་གསུང་བཤད་གནང་གྲུབ་མཚམས་བོད་པའི་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་སྟེ་དུས་སྟོན་མཇུག་སྒྲིལ་གནང་འདུག་པ་བཅས། །