༢༠༡༤ ཟླ་ ༧ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་དུ་མི་དམངས་ཆིག་འབུམ་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ སྐྱོང་བཞིན་པ་དང་སྟབས་བསྟུན་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༨ ཉིན་དབུས་བུད་མེད་ལྷན་ཚོགས་ནས་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དབུ་བཞུགས་ཐོག་བུད་མེད་རྣམ་པས་མང་གཙོའི་ལམ་ནས་ཆབ་སྲིད་ཐོག་ཆ་ཤས་ལེན་ཕྱོགས་སྐོར་གཏམ་བཤད་ཀྱི་བགྲོ་གླེང་ཞིག་ཚོགས་འདུག
དེ་ཡང་གོང་ཚེས་ཉིན་གྱི་ལ་དྭགས་བསོད་ནམས་གླིང་གཞིས་སྒར་གྱི་བརྒྱ་ཤོག་དང་པོའི་སྤྱི་ཁང་གི་མདུན་ཐང་དུ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་དང་། ཨ་རིར་གནས་སྡོད་བུད་མེད་ལས་འགུལ་བ་བསྟན་འཛིན་དཔལ་སྐྱིད་ལགས། དེ་བཞིན་མི་དམངས་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བའི་དབུས་སུ་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོས་ཐེངས་འདིའི་གཏམ་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུས་པའི་རྒྱུ་མཚན་སོགས་ངོ་སྤྲོད་གནང་ཡོད།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། འདས་པའི་རྒྱལ་སྤྱིའི་ལོ་རྒྱུས་ཐོག་བུད་མེད་ཀྱི་ཐོབ་ཐང་དང་གནས་བབ། དེ་བཞིན་བོད་ལ་དུས་འགྱུར་མ་བྱུང་བའི་གོང་དང། ལྷག་པར་བོད་མི་བཙན་བྱོལ་དུ་གྱར་ཏེ་མང་གཙོའི་འཕེལ་རིམ་ཁྲོད་བོད་པའི་བུད་མེད་ཚོས་ཆ་ཤས་ལེན་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། བོད་པའི་བུད་མེད་ཚོས་ཆབ་སྲིད་དང་སྤྱི་ཚོགས་ཁྲོད་ཐོབ་ཐང་སྣ་ཚོགས་ཀྱིས་གཙོས་གོ་སྐབས་ལེན་རྒྱུས་མཚོན་ཐོབ་ཐང་བླང་བ་ཙམ་མ་ཡིན་པར། སྤྱི་ཚོགས་ཀྱི་གནས་ཚུལ་དང་གནས་བབ་སྤྱི་ཡོངས་ལ་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་འདུག
དེ་བཞིན་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་དང་བསྟན་འཛིན་དཔལ་སྐྱིད་ལགས་གཉིས་ཀྱིས་ཀྱང་རིམ་བཞིན་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་གནང་ཡོད།