༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༨ ཉིན་བལ་ཡུལ་དོན་གཅོད་ལས་ཁུངས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དགའ་དད་སྤྲོ་གསུམ་ངང་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་རྒྱལ་ཡོངས་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་འཇིགས་གྲོལ་ཤར་པ་ལགས་དང་རིས་མེད་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ།
གཞུང་ཚབ་ཁག་གི་སྐུ་ཚབ། བལ་ཡུལ་གཞུང་གི་གནད་ཡོད་སྐུ་མགྲོན་རྣམ་པ། ཧི་མཱ་ལ་ཡའི་མི་མང་སྐུ་ཚབ་འཐུས་མི། བོད་ཀྱི་ཆོས་དང་རིག་གཞུང་ཐོག་མཁས་པའི་བལ་པོའི་མི་རིགས་གི་སྐུ་མགྲོན་ཁག་གཅིག ཕྱོགས་བཞུགས་སྤྱི་ཟུར་རྣམ་པ་དང་ལས་བྱེད་ཟུར་པ་རྣམ་པ། རང་རེའི་མཛད་གཙོ་རྣམ་པ། རྒྱ་ཆེའི་མི་མང་རྣམས་བཅས་འཇོ་ཁེལ་བཟོ་གཞིས་ཐང་ཆེན་དུ་འདུ་འཛོམས་ཐོག་རིམ་བཞིན་སྐུ་མགྲོན་གཙོ་བོ་མཆོག་དང་སྐུ་ཚབ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས། བླ་སྤྲུལ་མཛད་གཙོ་དང་གཞུང་དགོན་བསམ་གཏན་གླིང་དགོན་པའི་སེར་སྦྲེངས་ཀྱིས་མཚོན་བལ་ཡུལ་ལྷ་མོ་ཚོགས་པས་བཀྲིས་ཞོལ་པ་དང་ལྷ་ཀླུ་གཞས་མས་རྟེན་འབྲེལ་གྱི་གླུ་དབྱངས་གྱེར་བཞིན་འཇོ་འཁེལ་བཟོ་གཞིའི་དགོན་པ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་མངའ་གསོལ་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་དང་དོན་གཅོད་ནས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་སློབ་མ་རྣམས་ཀྱིས་རྔ་རོལ་དང་བཅས་སློབ་ཕྲུག་སེར་སྐྱ་མི་མང་ཡོངས་ནས་མགྲིན་དབྱངས་གཅིག་གྱུར་ཐོག་བལ་བོད་གཉིས་ཀྱི་རྒྱལ་གླུ་དང་སྐུའི་གསང་གསུམ་གྱི་བསྟོད་པ་དྲུག་ཅུའི་དབྱངས་ལྡན་ཕུལ། དེ་ནས་རིམ་བཞིན་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་དཔལ་ལྡན་དཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་སྦྲགས་དོན་གཅོད་ནས་བལ་ཡུལ་གྱི་ཆབ་སྲིད་གནས་སྟངས་ལ་གཞིག་སྟེ་གཏམ་བཤད་གནང་། དེ་རྗེས་འཇོ་འཁེལ་ས་གནས་གྲོས་ཚོགས་འཐུས་མིའི་ཚོགས་གཙོ་བསོད་ནམས་ཚེ་རིང་ལགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་འཇིགས་གྲོལ་ཤར་པ་ལགས་ཀྱིས་བལ་པོའི་སྐད་ཐོག་གསུང་བཤད་ཞིབ་རྒྱས་གནང། རིམ་པས་བལ་ཡུལ་ནང་གི་གཞུང་འབྲེལ་གཏན་ཉིན་སློབ་གྲྭ་བཞི་དང་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ། བལ་ཡུལ་བོད་མི་ཚོགས་པ་སྐྱིད་སྡུག་ཁག་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གཞས་སྣ་ལེའུ་ཉི་ཤུ་རྩ་དྲུག་འཁྲབ་སྟོན་ཞུས། ད་ལོའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་འཇོ་འཁེལ་བཟོ་གཞིའི་འགོ་འཛིན་དང་མི་མང་རྣམ་པས་ཕྱར་གྲུ་མཉམ་འདེགས་ཀྱི་འགན་འཁུར་ཆེ་བཞེས་ཐོག་མི་མང་ཁྱོན་བསྡོམས་སྟོང་ཕྲག་གསུམ་ཙམ་འདུ་འཛོམས་ཐུབ་པ་བྱུང་ཡོད།
ཀ་ཐ་མན་གྲུ་ས་གནས་རྫོང་དཔོན་དང་ལ་ལིཏ་པུར་རྫོང་དཔོན་ཟུང་གིས་སྐུའི་འཁྲུངས་སྐར་སྲུང་བརྩི་་ཞུ་རྒྱུའི་ཐད་ཕྱོགས་མཐའ་ནས་ཕེབས་པའི་མཛད་བཅར་བ་རྣམས་ལམ་དུ་བཀག་འགོག་དམ་བསྒྲགས་བྱ་རྒྱུ་མིན་པ་གསུང་ཡོད་ཀྱང་དོན་དངོས་ཐོག བོད་མི་འགའ་ཞིག་ལམ་བར་བཀག་སྟེ་རང་སར་ཕྱིར་སློག་བྱས་པའི་གནས་ཚུལ་ཡང་བྱུང་འདུག བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་ནས་བཀྲིས་པའི་རྣམ་ཐར་དང་སྦྲགས་ལྷ་རྒྱལ་འཐེན་ནས་ཉིན་དང་པོའི་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
ཉིན་གཉིས་པར་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལྷ་མོའི་སྒྱུ་རྩལ་ལམ་ནས་ལྷ་གཞུང་འགྲོ་བ་བཟང་མོའི་རྣམ་ཐར་ཉིན་འཁྱོངས་སུ་འཁྲབ་སྟོན་ཞུས་ཏེ་འཁྲུངས་སྐར་ཉིན་མོ་བཀྲ་ཤིས་ཕུན་སུམ་ཚོགས་པ་དང་མི་མང་ཚོ་བདེ་སྐྱིད་དཔལ་ལ་རོལ་ཐུབ་པ་བྱུང་ཡོད།