༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པར་བརྟེན། ལྡི་ལི་སྐུ་ཚབ་དོན་ཁང་གིས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ཉིན་མོ་དང་སྟབས་བསྟུན་ India Habitat Centre ཞེས་པའི་ནང་དུ་སྐུ་མགྲོན་རྣམས་ལ་དགོང་མོའི་གསོལ་ཚིགས་ཤིག་ཕུལ་འདུག
དེ་ཡང་མཛད་སྒོའི་ཐོག་མར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་སྐུ་མགྲོན་རྣམ་པར་ཕེབས་བསུ་དང་འབྲེལ་བའི་གསུང་བཤད་གནང་བ་མ་ཟད། བོད་པའི་དགེ་འདུན་པ་ཁག་གཅིག་གིས་༸རྒྱལ་བའི་ཞབས་བརྟན་སོགས་གསུང་འདོན་གནང་འདུག
འདི་ལོའི་སྐུའི་འཁྲུངས་སྐར་མཛད་སྒོའི་སྐབས་སྐུ་ཞབས་ཧརམིན་ཌར་སིངྒ་ Haminder Singh ལགས་གདན་ཞུས་ལྟར་ཁོང་གིས་༸གོང་ས་མཆོག་དང་ལྷན་ཁོང་སྒེར་གྱི་མི་ཚེའི་འབྲེལ་ལམ་སྐོར་གྱི་མྱོང་ཚོར་སྐོར་གསུང་བཤད་གནང་། དེ་ཡང་སྐུ་ཞབས་ཧརམིན་ཌར་སིངྒ་ལགས་ནི་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་ཐོག་མར་བོད་ནས་རྒྱ་གར་ས་ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་༸ཞབས་སོར་འཁོད་སྐབས། ཕེབས་བསུའི་སྣེ་ལེན་ཞུ་མཁན་རྒྱ་གར་གྱི་དམག་དཔོན་ཞིག་ཡིན་འདུག ཕྱོགས་མཚུངས་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་འགན་གཙོ་བོ་གསུམ་དང་འབྲེལ་བའི་སྐོར་གསུང་བཤད་གནང་བ་མ་ཟད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་སྙིང་སྟོབས་ནམ་ཡང་ཞུམ་མེད་ཐོག་༸གོང་ས་མཆོག་གི་བཀའ་གསུང་ཅི་བསྒྲུབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་མགྱོགས་ནས་མྱུར་དུ་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཞུ་དགོས་པ་དང་། དེ་ལྟར་བྱུང་བ་ཡིན་ན་དུས་རབས་ ༢༡ ནང་བོད་ཀྱི་ལོ་རྒྱུས་འདི་ཀུན་གྱིས་ཡིད་སྨོན་སྐྱེད་དགོས་པ་ཞིག་ཆགས་རྒྱུ་རེད། ཅེས་སོགས་གསུངས། མཛད་སྒོའི་སྐབས་རྡ་ས་བོད་ཁྱིམ་སློབ་ཕྲུག་ཁག་གཅིག་གིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་ཞུས་ཡོད།
གསོལ་ཚིགས་སྐབས་རྒྱ་གར་གཞུང་འབྲེལ་མི་སྣ་ལས་ཐོག་དང་ཟུར་པ། ཆབ་སྲིད་མི་སྣ་འདྲ་མིན། ཤེས་ལྡན་མི་སྣ། གསར་འགོད་པ་སོགས་ཁྱོན་སྐུ་མགྲོན་ ༣༠༠ ལྷག་ཕེབས་ཡོད། གཞན་ཡང་དེ་ཉིན་གྱི་སྔ་དྲོ་བོད་སྒར་བསམ་ཡས་གླིང་དུ་སྐུའི་འཁྲུངས་སྒར་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་བཅས།།