༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༣༡ རེས་གཟའ་སྤེན་པའི་ཉིན་གསར་འགོད་ལྷན་ཚོགས་ཐོག་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་ཐོག་མར་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་ནང་འགྲོ་བ་མིའི་རིན་ཐང་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ་ཡོང་བར་འབད་བརྩོན་མཛད་རྒྱུའི་དམ་བཅའ་གཉིས་པོ་དེའི་སྐོར་ལ་བཀའ་སློབ་ཟབ་རྒྱས་སྩལ་བ་དང་སྦྲགས་རྒྱལ་སྤྱིའི་ཚོགས་པ་ཁག་དང་དམིགས་བསལ་གསར་འགོད་པ་རྣམས་རྒྱ་ནག་དང་བོད་ནང་དུ་ཕྱིན་ནས་དངོས་ཡོད་གནས་ཚུལ་ཇི་ཡིན་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་མཛད་ཡོད། སྐབས་དེར་གསར་འགོད་པ་ཚོར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། གལ་ཏེ་ཁྱེད་ཚོས་བོད་ནང་གི་གནས་སྟངས་རྒྱ་གཞུང་གིས་བཤད་པ་ལྟར་བདེན་པ་ཡིན་པའི་ར་འཕྲོད་ཐུབ་ཚེ་ངོས་ཀྱི་ལས་དོན་རྣམས་མཚམས་འཇོག་བྱེད་རྒྱུ་མ་ཟད། ངོས་ནས་རྒྱ་གཞུང་ལ་དགོངས་སེལ་ཞུས་ཆོག ཅེས་བཀའ་སློབ་སྩལ་ཡོད། ཡང་༸གོང་ས་མཆོག་གིས་བྱམས་བརྩེ་དང་འབྲེལ་བའི་ཐོག་བཀའ་སློབ་སྩལ་དོན། མས་རང་གི་ཕྲུ་གུར་བྱམས་སྐྱོང་དང་བརྩེ་བ་བྱེད་རྒྱུ་དེ་རྩ་ཁྲིམས་དང་ཆོས་ལུགས་ཀྱི་ཡིད་ཆེས་ཐོག་ནས་བྱུང་བ་ཞིག་མིན་པར་མིའི་ལུས་ཁམས་ནས་ལྷན་སྐྱེས་སུ་བྱུང་བ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སྩོལ་སྐབས་གསར་འགོད་པ་ཚོས་བསྔག་བརྗོད་ཀྱི་ཐལ་མོ་བརྡབས་ནས་དགའ་བསུ་ཞུས།
གསར་འགོད་པ་ཁག་གཅིག་གི་བཀའ་དྲིར་བཀའ་ལན་མཛད་སྐབས། མགོན་པོ་གང་ཉིད་མཆོག་ཉི་ཧོང་སྲིད་བློན་ཧ་ཏོ་ཡ་མས་ (Yukio Hatoyama) ཉི་ཧོང་མི་མང་གི་བདེ་སྐྱིད་གཞི་རྩར་འཛིན་པའི་ཐོག་གཞུང་གི་སྲིད་བྱུས་ལག་བསྟར་གནང་རྒྱུའི་འཆར་གཞི་དེར་༸གོང་ས་མཆོག་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་སྐོར་གྱི་བཀའ་སློབ་སྩལ། དེང་དུས་ཚན་རིག་དང་འབྲེལ་བའི་ཐོག་བཀའ་སྩལ་དོན། ཀླད་པ་ཡར་རྒྱས་གཏོང་རྒྱུར་ཤེས་ཡོན་དེ་གཙོ་བོ་ཡིན་པ་དང་། དེ་ཡར་རྒྱས་བཏང་བའི་ཐོག་དེང་དུས་ཤེས་ཡོན་དེས་བྱམས་བརྩེ་སོགས་ནང་སེམས་རྒྱུད་ཀྱི་ཡོན་ཏན་དེ་དག་ཀྱང་གོང་མཐོར་གཏོང་ཐུབ་པ་ཞིག་དགོས་པ་ཡིན། ཞེས་བཀའ་སློབ་སྩལ་ཡོད།
ལྷག་པར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་བོས་ (Hu Jintao) འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་འགྱུར་འབད་བརྩོན་བྱེད་པ་དེར་བསྔགས་བརྗོད་གནང་བ་དང་སྦྲགས་བཀའ་སློབ་ཕེབས་དོན། འཆམ་མཐུན་ནི་མི་དམངས་བཅིངས་བཀྲོལ་དམག་གི་མེ་མདའི་ཁ་ནས་ཡོང་མི་ཐུབ་པར་དེ་ནི་ཕན་ཚུན་ཡིད་ཆེས་དང་དམ་ཚིག་ཁོ་ན་ལས་ཡོང་ཐུབ་པ་ཞིག་ཡིན། རྒྱ་ནག་མི་མང་ཐེར་འབུམ་གཅིག་ལྷག་ཙམ་ཡོད་པ་ཚོས་རྒྱ་ནག་དམར་པོའི་གཞུང་ནས་འཁྱོག་བཤད་བྱེད་པའི་གནས་ཚུལ་ཙམ་མིན་པར་དངོས་ཡོད་དང་དྲང་བདེན་གྱི་གནས་ཚུལ་ཇི་ཡིན་ཤེས་པ་བྱེད་རྒྱུའི་ཐོབ་ཐང་ཡོད། ཅེས་བཀའ་སློབ་སྩལ་ཡོད་པའི་གནས་བསྡུས་སུ།