༢༠༡༤ ཟླ་ ༧ ཚེས་ ༦ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུ་བ་ཆེ་ཕྲ་དང་། ཆོས་སྡེ་ཁག་གི་དགེ་འདུན་པ། སེར་སྐྱ་མི་མང་སོགས་ནས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་དབང་པོའི་གཞུ་རིས་ལ་འགྲན་པའི་དར་ལྡིང་བརྒྱ་ཕྲག་བརྒལ་བ་བར་སྣང་དུ་དཔྱངས་ཏེ། མགོན་པོ་གང་ཉིད་མཆོག་གི་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་ཐོག་དར་ཆེན་ལ་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་བསྡུས། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་གནས་ཆུང་གྲྭ་ཚང་གི་དགེ་འདུན་བརྒྱད་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསངས་མཆོད་ཟབ་རྒྱས་དང་ལྷན་ཞལ་འདོན་གསུང་འདོན་སྐབས་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བསྟན་སྲུང་རྣམས་ལ་གཏང་རག་ཕུལ་ཏེ་༸གོང་ས་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་། བོད་ལ་རང་དབང་གི་བདེན་མཐའ་མྱུར་དུ་འཆར་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་མཐར་ལྷ་རྒྱལ་ཀི་བསྭོ་ལན་གསུམ་འབྲུག་སྒྲ་ལྟར་བསྒྲགས་ཏེ་དཀར་ཕྱོགས་སྐྱོང་བའི་སྲུང་མའི་དབུ་འཕང་དགུང་དུ་བཏེགས།
མཛད་སྒོ་དངོས་གཞི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གཙུག་ལག་ཁང་གི་གསུང་རྭའི་དབུ་གཡབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཟ་འབྲུ་དང་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ (Shri G. S. Bali) ལགས་དང་ཡབ་གཞིས་སྐུ་འཁོར་རྣམ་པ། སྲི་ཞུ་བ་ཆེ་ཕྲ་རྣམ་པ། མི་དམངས་དང་སློབ་ཕྲུག་རྣམས་བཞུགས་གནས་སུ་འཁོད་མཚམས་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ཀྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཐོག་རྒྱལ་གླུ་བཏང་།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གྲུབ་བསྟུན་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་གཞན་གཉིས་མཆོག ཡབ་གཞིས་སྐུ་འཁོར་རྣམ་པ། སྤྱི་འཐུས་ཚོགས་གཞོན་མཆོག བཀའ་བློན་ལས་ཟུར་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་ཆབས་ཅིག་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རོལ་ཆ་བ་རྣམས་ནས་དྲུག་ཅུའི་དབྱངས་ལྡན་མཉམ་གཞས་འབུལ་ལམ་ཞུས།
དེ་རྗེས་སྐུ་མགྲོན་རྣམ་པར་རྟེན་འབྱུང་གསོལ་ཇ་འབྲས་སིལ་དང་མི་དམངས་ལ་མངར་ཟས་བགོས་འགྲེམས་གནང་སྟེ། སུད་སི་དང་ལེཀ་ཊེན་སིཊཡན་བོད་ཡིག་སློབ་གྲྭའི་ཆེད་ཤེས་རིག་ལས་ཁུངས་ནས་འཛིན་རིམ་གཉིས་པ་ནས་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་བརྙན་སྡེར་བཟོ་སྐྲུན་ལས་འཆར་ཁོངས་ནས་ལེགས་གྲུབ་ཟིན་པའི་འཛིན་རིམ་གཉིས་པའི་སློབ་དེབ་བརྙན་སྡེར་དང་། བརྡ་ཆད་གཏན་འབེབས་ལས་འཆར་གྱི་དེབ་ཕྲེང་དང་པོ་ནས་དྲུག་པ་བར་མཉམ་བསྡེབས་ཀྱི་དེབ་ཕྲེང་དཔར་སྐྲུན་ཞུས་པ་རྣམས་སྐུ་མགྲོན་གཙོ་བོ་མཆོག་གིས་དབུ་འབྱེད་གནང་།
དེ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ ༢༥ འཁོར་བ་རྣམས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་གཟེངས་བསྟོད་ལེགས་སྐྱེས་གནང་རྒྱུར་འདེམས་ལྷན་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས་ཀྱིས་ཁོང་རྣམ་པའི་ལོ་རྒྱུས་སྙིང་བསྡུས་སྒྲོགས་སྦྱང་ཞུས་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་ཕྱག་འཁྱེར་དང་གཟེངས་བསྟོད་ལེགས་སྐྱེས་གནང་གྲུབ་བསྟུན་བཀའ་ཤག་གི་གསུང་བཤད་གནང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་། དེ་ནས་རྟེན་འབྲེལ་མཚོན་སླད་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་སྟེ། བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་བས་ཐུགས་རྗེ་ཆེ་ཞུས་ཏེ་སྐུའི་འཁྲུངས་སྐར་དུས་ཆེན་དགའ་སྤྲོའི་རྣམ་པའི་ཁྲོད་དུ་གྲོལ་ཡོད། །