༢༠༡༤ ཟླ་ ༧ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་ནང་རྟེན་གཞི་བྱས་པའི་ཕ་རན་སིའི་གྲོས་ཚོགས་གོང་མའི་ལས་ཁུངས་ཀྱི་བསྟི་གནས་གྱུར་བའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་འདུག
དེ་ཡང་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོར་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ལས་ཟུར་ཁག་གཅིག་གིས་གཙོས་ཡུ་རོབ་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། ཕ་རན་སི་ས་གནས་འབྲེལ་མཐུད་པ་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། དེ་བཞིན་ཁུལ་དེའི་བོད་རིགས་ཚོགས་སྐྱིད་ཁག་གི་སྐུ་ཚབ། བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༨༠ བརྒལ་བ་འདུ་འཛོམས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག
སྐབས་དེར་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇེན་ཕ་རན་སྭ་ཧུམ་བྷ་ཊི་ Jean-François Humbert མཆོག་གིས་༸གོང་ས་མཆོག་གི་མཛད་འཕྲིན་མཐའ་དག་ལ་ཆེ་བསྟོད་ཀྱི་ཡི་རང་གུས་བརྩི་ཞུས་ཐོག་ཐེངས་འདིའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་མ་ཟད། ཕ་རན་སི་གྲོས་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་དེ་བཞིན་འཚེ་མེད་ཞི་བའི་འཐབ་རྩོད་ཅིག་ལ་ངོས་འཛིན་གྱིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག དེ་བཞིན་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཕ་རན་སི་གྲོས་ཚོགས་ཀྱིས་ལོ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དེ་བཞིན་གྲོས་ཚོགས་ཀྱི་ལས་ཁུངས་ནང་ཞུ་བཞིན་ཡོད་པ་མ་ཟད། རྒྱུན་ལྡན་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག