༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༩ ཉིན་རྒྱལ་ས་སྦ་རུ་སེལ་ (Brussels) དུ་རྟེན་གཞི་བྱས་པའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྲིད་འཛིན་ལྷན་ཁང་ནས་བསྒྲགས་གཏམ་སྤེལ་བའི་ནང་འཁོད་དོན། ཉེ་ལམ་རྒྱ་གཞུང་ནས་བོད་མི་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་ལ་སྲོག་ཁྲིམས་བཅད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༨ ཉིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ལ་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ནང་བོད་ས་ཁྱོན་ཡོངས་ནས་རྒྱ་གཞུང་ལ་ཞི་རྒོལ་བྱེད་མཁན་བོད་མི་མང་དག་ཅིག་ལ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཆད་བཏང་ཡོད་པ་དེ་ཆག་ཡང་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་ནང་སྲོག་ཐོག་གི་ཁྲིམས་ཆད་ཕོག་པའི་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་ཀྱང་ཡོད།
དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་བའི་སྐབས་དྲག་ལས་རྩོམ་མཁན་ཚོར་རྒྱ་གཞུང་ནས་ཁྲིམས་ཆད་གཏོང་རྒྱུའི་ཐོབ་ཐང་ཡོད་པ་དེར་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་ཡུན་རིང་ནས་གནས་སྟངས་གང་འདྲ་ཞིག་འོག་སྲོག་ཁྲིམས་ཀྱི་ཉེས་པ་དེར་ངོ་རྒོལ་བྱེད་རྒྱུའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཆོད་སེམས་དེ་སླར་ཡང་རྩ་འཛིན་ཞུ་རྒྱུ་ཡིན། སྲོག་ཁྲིམས་ཀྱི་ཉེས་པ་དེ་ལྟར་མེད་དུ་མི་རུང་བ་ཞིག་ཆགས་ཡོད་ཚེ། སྲོག་ཁྲིམས་ཕོག་པ་རྣམས་ལ་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་ཐོབ་ཐང་གི་ཚད་གཞི་ཉུང་མཐར་སྤྲོད་དགོས་པའི་དྲན་སྐུལ་ཡང་ཞུས་ཡོད། སྲོག་ཁྲིམས་ཕོག་པ་རྣམ་ལ་ཉུང་མཐར་ཡོད་པའི་ཐོབ་ཐང་དཔེར་ན། དྲང་བདེན་གྱི་ཁྲིམས་གཏུག་བྱེད་རྒྱུར་དགོས་ངེས་ཀྱི་སྲུང་སྐྱོབ་དང་ཆ་རྐྱེན་འདང་ངེས་སྤྲོད་དགོས་ཀྱི་ཡོད། ཁྲིམས་ཆད་ཕོག་པའི་བོད་མི་རྣམས་གནས་སྟངས་ཇི་འདྲ་ཞིག་གི་འོག་ཁྲིམས་བཤེར་བྱས་ཡོད་མེད་དང་། དམིགས་བསལ་ཁོང་ཚོར་དྲང་བདེན་གྱི་ཁྲིམས་བཤེར་ཡོང་རྒྱུའི་བརྒྱུད་རིམ་དེ་དག་ཚད་ལྡན་ཐོག་ལག་བསྟར་བྱས་ཡོད་མེད་ཐད་སེམས་འཚབ་ཡོད་པ་དེ་ནན་བརྗོད་བྱས་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་ཕྱི་ལོ་ ༢༠༠༨ ཟླ་ ༣ ནང་བོད་ནང་ཞི་རྒོལ་སྐབས་ཀྱི་བཙོན་པ་སྲོག་ཁྲིམས་ཕོག་པ་ཚང་མ་ཆག་ཡང་གཏོང་དགོས་པ་རྒྱ་གཞུང་ལ་འབོད་སྐུལ་ཞུ་བཞིན་ཡོད། དེ་བཞིན་རྒྱ་གཞུང་ལ་སྲོག་ཁྲིམས་ཀྱི་ཉེས་ཆད་དེ་དག་རྩ་བ་ནས་མེད་པ་བཟོ་དགོས་པ་དང་། དེ་ལྟར་ལག་བསྟར་ཡོང་ཆེད་གོམ་པ་དང་པོ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་ ༦༢། ༡༤༩ དང་། ཨང་ ༦༣། ༡༦༨ ནང་འབོད་སྐུལ་ཞུས་ཡོད་པ་བཞིན་ཁྲིམས་ཆད་དུས་འགྱངས་ཀྱི་ཚོགས་པ་ (Moratorium) ཞིག་འཛུགས་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
གོང་འཁོད་བསྒྲགས་གཏམ་ལ་རྒྱབ་སྐྱོར་ཞུ་མཁན་རྒྱལ་ཁབ་རྣམས་ཀྱི་མིང་གཤམ་གསལ།
(Turkey,Croatia and the former Yugoslav Republic of Macedonia, the countries of the stablisation and Association Process and potential candidates Albania, Bosnia and Herzegovinia,Montenegro and the EFTA countries Iceland,Liechtenstein and Norway, members of the European Economic Area, as well as the Republic of Moldova)