༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་༡༠ ཚེས་ ༢༩ ཉིན་ཆུ་ཚོད་ ༡༢ ཐོག་༸གོང་ས་མཆོག་བཞུགས་སྒར་ནས་ཆིབས་སྒྱུར་སྐྱོང་སྐབས་སེར་སྐྱ་མང་ཚོགས་བརྒྱ་ཕྲག་མང་པོས་ལག་ཏུ་སྤོས་སྣེ་དང་དཀར་གཙང་གི་མཇལ་དར་ཐོགས་ཏེ་དད་གུས་སྤྲོ་གསུམ་གྱིས་ངང་ཕེབས་སྐྱེལ་ཞུས་ཡོད། དེ་ཡང་༸གོང་ས་མཆོག་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་ཉི་ཧོང་ (Japan) དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས་ ༥ བར་ཉིན་ལྔའི་རིང་མི་མང་ལ་བཀའ་སློབ་དང་གསུང་ཆོས་ལྷན་ཚོགས་སོགས་ཀྱི་མཛད་འཆར་རྒྱ་ཆེ་ཞིག་བསྐྱང་རྒྱུ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྒྱལ་ས་ཊོཀ་ཁྱོ་ (Tokyo) ནང་མང་ཚོགས་ལ་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་། ཚེས་ ༡ ཉིན་རྒྱལ་ས་ཊོཀ་ཁྱོ་ནང་ཚན་རིག་པ་ཁག་གཅིག་དང་། གོ་ལའི་མདུན་ལམ། ནང་ཆོས་ཀྱི་ཚན་རིག་དང་དེང་རབས་ཕྱིའི་ཚན་རིག་དབར་བགྲོ་གླེང་། ཞེས་པའི་ཚོགས་འདུར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག ཕྱི་ཚེས་ ༣ ཉིན་༸གོང་ས་མཆོག་གིས་རྒྱལ་ས་མ་ཏི་སུ་ཡ་མའི་ (Matsuyama) ནང་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༥ ཉིན་གྲོང་ཁྱེར་ཨོ་ཀི་ན་བའི་ (Okinawa) ནང་། ཞི་བདེ་དང་བྱམས་བརྩེ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།