༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༨ ཉིན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དབུ་བཞུགས་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ (Nobel Peace Laureates) ལྕམ་སྐུ་མ་སྒུ་རི་མཆོག་དང་ལྕམ་སྐུ་ཇུ་ཌི་ཝིལ་ལིམ་སི་རྣམ་གཉིས་ནས་གསར་འགོད་པ་ ༢༠ ཙམ་ལ་གསར་འགོད་གསལ་བསྒྲགས་སྤེལ་ཡོད། དེ་ཡང་ཐོག་མར་ཕྱི་དྲིལ་བཀའ་བློན་མཆོག་ནས་གསར་འགོད་གསལ་བསྒྲགས་ཐོག་དངོས་སུ་ཕེབས་པའི་ནོ་བེལ་ཞི་བདེེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇུ་ཌི་ཝིལ་ལིམ་སི་ (Jody Williams) དང་ལྕམ་སྐུ་མ་སྒུ་རི་ (Maguire) རྣམ་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་།
དེ་རྗེས་ཐོག་མར་ལྕམ་སྐུ་ཇུ་ཌི་ཝིལ་ལིམ་སི་མཆོག་གིས། ཐུགས་རྗེ་ཆེ་བོད། ཅེས་པའི་ལས་འགུལ་ཞིག་སྤེལ་རྒྱུའི་གསལ་བསྒྲགས་གནང་བའི་བསྒྲགས་གཏམ་དེ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་སྐུ་ཤི་རིན་ཨེ་བྷ་ཌིི་དང་ལྕམ་སྐུ་མ་སྒུ་རིའི་ཚབ་ཞུས་ཏེ་ལྗགས་ཀློག་གནང་། དེ་ནས་ལྕམ་སྐུ་མ་སྒུ་རི་མཆོག་གིས་གསུང་དོན། ང་ཚོས་དྲང་བདེན་གྱི་གནས་ཚུལ་དེ་གཞན་ལ་བརྡ་སྤྲོད་ཐུབ་མིན་ནི་གསར་འགོད་པ་ཚོར་རག་ལུས་ཡོད། གསར་འགོད་པ་ཚོར་གནས་ཚུལ་དྲང་བདེན་གང་ཡིན་པ་དེ་ཤོད་ཐུབ་པ་བྱ་རྒྱུའི་ལས་འགན་ཧ་ཅང་ཆེན་པོ་ཞིག་ཡོད། ང་ཚོས་ཉེ་ཆར་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་ཕོ་མོ་དང་། ཕྲུ་གུ་བཅས་མི་གྲངས་ ༥༠ ཙམ་ཐུག་འཕྲད་བྱེད་སྐབས་ཁོང་ཚོ་ཚང་མ་དཀའ་སྡུག་ཧ་ཅང་ཆེན་པོའི་འོག་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་བྲོས་བྱོལ་དུ་སླེབས་འདུག ཁོང་ཚོའི་ཁྲོད་ནས་བོད་མི་གཞོན་སྐྱེས་ཤིག་གིས་ང་ཚོར་བརྗོད་དོན། བོད་ནང་དེང་སང་བོད་མི་མང་པོ་ཞིག་རིག་རྒྱུ་མཐོང་རྒྱུ་མེད་པར་བརླག་འགྲོ་གི་ཡོད་པ་དང་། གཙང་ཆུ་དང་རྒྱུག་ཆུ་སོགས་ཀྱི་ནང་བོད་མིའི་རོ་མང་པོ་ཐོན་བཞིན་ཡོད་པ། དེ་བཞིན་རྒྱ་མིའི་དམག་མིས་བོད་མི་མང་པོ་ཞིག་མེར་བསྲེགས་བཏང་ནས་ཤུལ་མེད་བཟོ་བཞིན་ཡོད་པའི་གནས་ཚུལ་བརྗོད་བྱུང་། ཁོང་ཚོས་རང་གི་དཀའ་སྡུག་རྣམས་བརྗོད་སྐབས་མིག་ཆུ་གཏོང་བཞིན་འདུག མདོར་ན་བོད་མི་དེ་དག་འུ་ཐུག་པ་ཤ་སྟག་རེད་འདུག ད་ལྟ་བོད་ནང་བོད་མི་ཚོ་རྒྱ་ནག་གཞུང་གིས་བཙན་གནོན་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། ཆོས་དད་རང་དབང་མེད་པ་དང་། རང་གི་རིག་གཞུང་སྲུང་སྐྱོབ་ལག་བསྟར་ཐོག་འཚོ་རྒྱུའི་རང་དབང་མེད་པ། བོད་ནང་བོད་མི་རེ་རེར་རྒྱ་མིའི་དམག་མི་འམ་ཉེན་རྟོག་པ་བརྒྱད་རེས་སྟངས་འཛིན་བྱེད་བཞིན་ཡོད། ད་ལྟའི་འཛམ་གླིང་གི་ཁྱིམ་ཚང་འདིའི་ནང་འདི་ལྟ་བུའི་བྱ་སྤྱོད་དེར་ང་ཚོས་ངོས་ལེན་བྱ་ཐབས་རྩ་བ་ནས་མེད་ཅེས་དང་།
དེ་བཞིན་ཁོང་ནས་གསུང་དོན། ང་ཚོས་འགྲོ་བ་མིའི་རིན་ཐང་དེ་བསྐྱར་དུ་གཅེས་འཛིན་ཐོག་དར་སྤེལ་ཐུབ་པ་ཞིག་བྱེད་དགོས་པར་བརྟེན་ང་ཚོ་འདིར་ཡོང་ནས་༸གོང་ས་མཆོག་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་བྱུང་། ༸གོང་ས་མཆོག་གིས་ལོ་ ༥༠ ཙམ་གྱི་རིང་ཞི་བདེ་དང།། དྲང་བདེན། འཚེ་བ་མེད་པ། འདྲ་མཉམ། མཐུན་སྒྲིལ། འགྲོ་བ་མིའི་རིན་ཐང་སོགས་གོང་འཕེལ་དང་གཅེས་འཛིན་མཛད་ཡོད། ཅེས་དང་དེ་བཞིན་ཁོང་ནས་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་དང་བླ་ཆེན་པོབ་རྣམ་གཉིས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་བའི་ཁར་ཨ་རིའི་སྲིད་འཛིན་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་ང་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། ཞེས་སོགས་ཀྱི་གཏམ་བཤད་གྲུབ་མཚམས་ལྕམ་སྐུ་ཇུ་ཌི་ཝིལ་ལིམ་སི་མཆོག་གིས་རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་བོད་མི་ཚོར་ཐོབ་ཐང་གང་ཡོད་པ་རྣམས་ལག་བསྟར་དགོས་པ་དང་། ང་ཚོས་བོད་མི་རྣམས་རང་དབང་ཐོག་གང་མགྱོགས་རང་ཡུལ་དུ་ལོག་ཐུབ་འགྱུར་རྒྱབ་སྐྱོར་ཞུ་དགོས་པའི་འབོད་སྐུུལ་གནང་། དེ་ནས་ (Peace Jam) ཞེས་པའི་ཞི་བདེ་ཚོགས་པ་དེའི་འཛིན་སྐྱོང་འགན་འཛིན་ཌོན་ཨེན་ཇལ་ལགས་ཀྱི་གསུངས་དོན། བོད་མི་ཚོ་བཙན་བྱོལ་དུ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་གྱི་ཆ་ཤས་ནང་། ཐུགས་རྗེ་ཆེ་བོད། (Thank You Tibet!Campaign) ཅེས་པའི་ལས་འགུལ་དེ་ཕྱི་ལོ་ ༢༠༠༩ ཟླ་བ་ ༡༡ ཚེས་ ༡ ཉིན་དངོས་སུ་འགོ་འཛུགས་བྱས་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༣ བར་ལས་འགུལ་དེ་སྤེལ་རྒྱུ་ཡིན་པ་རེད། ལས་འགུལ་དེ་གོ་སྒྲིག་ཞུ་མཁན་བོད་ཀྱི་ཐེབས་རྩ་ཁང (Tibet Fund) དང་ཞི་བདེ་ལྷན་ཚོགས། (Peace Jam) ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་སྟི་གནས་ (Dalai Lama Centre for Peace and Education) དེ་བཞིན་ (Nobel Women`s Initiative) ཅེས་པ་ཡིན། ལས་འགུལ་དེའི་ཐོག་འཛམ་གླིང་མི་མང་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་རྣམ་པ་འདོན་སའི་གླེང་སྟེགས་དྲྭ་རྒྱ་ཞིག་ཀྱང་གསར་དུ་སྒོ་ཕྱེ་གནང་འཆར་ཡོད་ཅེས་སོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡོད། ད་རེས་གསར་འགོད་གསལ་བསྒྲགས་སྐབས་ཨི་རན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་ལས་བྲེལ་གྱི་རྐྱེན་པས་ཕེབས་ཐུབ་མེད་པ་བཅས་ཀྱི་གནས་བསྡུས་སུ། །