༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །འདི་གར་བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བསྟན་འཛིན་སྒང་གི་གཞིས་ལས་ཁང་གི་མདུན་ཐང་དུ་དཔལ་རྒྱུད་སྟོད་དགོན་པའི་དགེ་འདུན་པ་དབུ་བཞུགས་ཐོག་རླུང་རྟ་དར་འཛུགས་དང་། བསངས་གསོལ་གཟབ་རྒྱས་ཞུས། འདི་གའི་གཞིས་ཆགས་ཀྱི་ལམ་ཆེན་སྣུམ་ནག་འདིང་རྒྱུའི་ལས་འཆར་འགྲོ་མུས་ལ་སོང་། དེ་དག་བཟོ་མཁན་འབྲེལ་ཡོད་ཨོ་སི་མཆོག (Officer in Charg GREF/BRO) དང་། འབྱུང་འགྱུར་གཏོར་སྐྱོན་འགྲོ་བའི་ཁང་པ། ཞིང་ས་འདེབས་ལས་འོས་པའི་ས་སྟོང་བཅས་ལ་གུན་གསབ་གནང་མཁན་ (Circle Officer, Shergaon) ཨོ་སི་ཤེར་སྒང་ཆགས་པར་བརྟེན། ཁོང་རྣམ་པ་གཉིས་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུ་སྐབས་སྐུ་ཞབས་ཨོ་སི་མཆོག་ལས་བྲེལ་གྱི་རྐྱེན་པས་ཕེབས་མི་ཐུབ་མེད་ཀྱང་། ཨོ་སི་ཤེར་སྒང་མཛད་སྒོར་ཕེབས་ཡོད། དེ་ཡང་ཆུ་ཚོད་ ༩།༣༠ ཐོག་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུའི་སྐབས་དགེ་འདུན་པ་རྣམས་ཀྱིས་སྤོ་སྣེ་དང་། སློབ་ཕྲུག་རྣམས་ནས་རོལ་དབྱངས་ཀྱི་ཕེབས་བསུ་གཟབ་རྒྱས་ཞུས་མཚམས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་། མང་གཙོའི་གསར་བཞད་སློབ་ཕྲུག་གི་རྔ་རོལ་དང་བསྟུན་ནས་བཏང་། དེ་ནས་སྐུ་མགྲོན་གཙོ་བོ་དང་། སློབ་གྲྭའི་སློབ་སྤྱི་རྣམ་གཉིས་ནས་མར་མེ་ཞལ་དབྱེ་གནང་རྗེས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན་ལས་ཚབ་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་མལ་རྟེན་གསུམ་འདེགས་འབུལ་ཞུ་མཚམས་སྐུ་མགྲོན་གཙོ་བོ་དང་ལས་བྱེད་བཅས་ནས་མཇལ་ཁ་ཞུས་རྗེས་ཁོང་རྣམས་ལ་གསོལ་ཇ་དང་འབྲས་བསིལ་ཕུལ།
དེ་ནས་ས་གནས་འགོ་འཛིན་ལས་ཚབ་ནས་དུས་ཆེན་ངོ་སྤྲོད་དང་སྦྲགས་བཀའ་ཤག་གི་གསུང་བཤད་སྒྲོགས་སབྱང་ཞུས། དེ་རྗེས་ས་གནས་བུད་མེད་ཚོགས་གཙོ་ནས་ཧིན་བོད་ཐོག་དུས་ཆེན་ངོ་སྤྲོད་དང་བསྟན་འཛིན་སྒང་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་ཨོ་སི་ཤེར་སྒང་ནས་གསུང་བཤད་གནང་བའི་གནང་འཁོད་དོན། ཁོང་གི་ཁྱབ་ཁོངས་གྲོང་གསེབ་ཡོངས་ནས་བསྟན་འཛིན་སྒང་གཞིས་ཆགས་འདི་བཞིན་སྒྲིག་འཛུགས་དང་། ཡ་རབས་བཟང་སྤྱོད་ལྡན་པའི་གྲོང་གསེབ་རྩེད་ཕུད་ཅིག་ལ་ངོས་འཛིན་གནང་བཞིན་ཡོད། དེ་བཞིན་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་འགྲོ་བ་ཡོངས་ལ་མུ་མཐུད་ཕན་བདེ་འོད་སྣང་སྩལ་རྒྱུའི་སྨོན་འདུན་དང་། རིང་མིན་ཁུལ་འདིར་ཆིབས་སྒྱུར་བསྐྱང་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར། ཕྱོགས་མཚུངས་འབྱུང་འགྱུར་ལམ་ཆེན་སྣུམ་ནག་འདིང་རྒྱུ་དང་འབྲེལ་བའི་ཕན་གྲོགས་ཇི་ཐུབ་ཞུ་རྒྱུ་ཡིན་པ་སོགས་ཀྱིས་གསུང་བཤད་གྲུབ་རྗེས་སློབ་ཕྲུག་དང་། སློབ་ཟུར་ཚོགས་པ། ས་གནས་བུད་མེད་རྣམ་ནས་གུང་གསེང་དང་སྟབས་བསྟུན་སློབ་གྲྭར་རིག་གཞུང་འཁྲབ་སྟོན་ཞུས། དེ་ནས་ཐང་སྟོང་གླུ་གར་ཚོགས་པའི་གཞོན་སྐྱེས་གཉིས་ནས་གུང་གསེང་དང་སྟབས་བསྟུན་གྱིས་མ་བསྐུལ་དང་བླངས་ཐོག་གཞས་སྣ་སློབ་ཁྲིད་གནང་བ་གཉིས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་བྲིས་དང་ལེགས་སྐྱེས་དོད་སྒོར་ ༡༥༥།༠༠ ཞིག་སྐུ་མགྲོན་གཙོ་བོས་གནང་། དེ་ནས་སྐུ་མགྲོན་གཙོ་བོ་ལ་དྲན་རྟེན་མཚོན་ཆེད་དུ་ཕྱག་རྟགས་ཤིག་དཔལ་རྒྱུད་སྟོད་ཕྱག་མཛོད་ལགས་ནས་ཕུལ། དེ་རྗེས་མཉམ་འབྲེལ་དྲུང་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་མཚམས་སྐུ་མགྲོན་གཙོ་བོ་དང་། གཞན་ཡང་སྐུ་མགྲོན་རྣམ་ལ་ཞལ་ལག་ཕུལ་ཏེ་སྔ་དྲོའི་མཛད་སྒོ་གྲོལ་བ་བཅས་ཀྱི་གནས་བསྡུས་སུ།