༢༠༡༤ ཟླ་ ༧ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཡུ་རོབ་རྒྱལ་ཁབ་ཇར་མན་ལྷོ་ཤར་མངའ་སྡེ་ (Bavaria) བྷ་ཝེ་རི་ཡའི་གྲོང་ཁྱེར་པཱ་སུའི་ནང་རྟེན་གཞི་བྱས་པའི་ (New Press Post) ཞེས་པའི་སྦྲག་ཁང་ལས་ཁུངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་འཁོད་པའི་ཡུ་རོབ་ཀྱི་སྒོར་མོ་གཅིག་བྱས་པའི་སྦྲག་རྟགས་ཤིག་གསར་སྐྲུན་ཞུས་ཏེ། དེའི་དངུལ་འབོར་གྱི་ཆ་ཤས་ཤིག་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ་ཁང་ལ་འབུལ་ལམ་ཞུ་རྒྱུ་ཡིན་སྐོར་ཡོངས་གྲགས་གནང་འདུག
དེ་ཡང་ནིའུ་པོ་སི་ཊེ་ཞེས་པས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདིའི་ནང་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་གོང་འཕེལ་གཏོང་ཐབས་ཀྱི་མཛད་ཁུར་བཟང་པོའི་བརྡ་ལན་བརྒྱུད་མི་མང་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་ཡོད་པར་བརྟེན། སྦྲག་ཁང་དེའི་པར་སྐྲུན་སྡེ་ཚན་ནས་སྦྲག་རྟགས་གསར་པ་འདི་བཞིན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཞི་བདེའི་མཛད་ཁུར་ལ་རྒྱབ་སྐྱོར་ཞུ་ཆེད་གསར་སྐྲུན་གནང་བ་ཞིག་ཡིན་སྐོར་འཁོད་འདུག་པ་མ་ཟད། ལྷག་པར་ལས་གཞི་དེ་བཞིན་བྷ་ཝེ་རི་ཡའི་མངའ་ཁུལ་གྱི་མི་དམངས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་འཛམ་གླིང་ཞི་བདེའི་མཛད་ཁུར་ལ་མཉམ་ཞུགས་ཐུབ་པའི་གོ་སྐབས་བསྐྲུན་ཐབས་ཤིག་ཡིན་པར་བརྟེན། སྦྲག་ཁང་དེའི་མ་ལག་ལས་ཁུངས་བརྒྱུད་ནས་ཕན་ཚུན་ཡིག་འབྲེལ་སོགས་བྱེད་སྐབས་སྦྲག་རྟགས་དེ་བེད་སྤྱོད་ཞུ་རྒྱུ་ཡིན་འདུག གསར་སྐྲུན་ཞུས་པའི་སྦྲག་རྟགས་དེ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ཉིན་ནས་སྦྲག་ཁང་དེ་ནས་ཚོང་འགྲེམས་ཞུ་འགོ་བཙུགས་འདུག་པ་བཅས། །