༢༠༡༤ ཟླ་ ༧ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཆོས་རིག་ལས་ཁུངས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བོད་ཀྱི་ཆོས་རིག་གོང་འཕེལ་གྱི་ལས་འཆར་དུ་མའི་ཁོངས། ལས་ཁུངས་དེ་ཉིད་དང་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་ཐོག་ནས་བཙན་བྱོལ་ནང་བོད་རིགས་མཐོ་སློབ་ཐོན་པའི་སློབ་ཕྲུག་ཉི་ཤུ་སྐོར་ཞིག་ལ། བོད་ཀྱི་སྐད་ཡིག་དང་རིགས་ལམ། ནང་དོན་རིག་པའི་གཞུང་ཆེན་ཁག་གི་ཟབ་ཁྲིད་ཀྱི་ལས་འཆར་ཞིག་གོ་སྒྲིག་གནང་སྟེ། ཕྱི་ལོ་ ༢༠༡༤ ཟླ་བ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༣༡ བར་ཟླ་དྲུག་གི་ཟབ་སྦྱོང་ཞིག་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་འཚོགས་རྒྱུར་ཐུགས་གཏན་འཁེལ་བ་མ་ཟད། ལས་འཆར་གྱི་སྔོན་འགྲོའི་བྱེད་སྒོ་ཁག་ལེགས་པར་གྲུབ་སྟེ་དངོས་སུ་དབུ་འབྱེད་ཀྱི་མཛད་སྒོ་དེ་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཚོགས་ཀྱི་ཡོད་འདུག
སྐུ་མགྲོན་དུ་རྒྱུད་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས། ཆོས་རིག་གི་སྐུ་ཚབ། དེ་བཞིན་ས་གནས་གཞིས་འགོ་སོགས་ཕེབས་ཏེ་བོད་ཀྱི་རིག་གནས་གོང་འཕེལ་ཡོང་བ་བྱེད་རྒྱུའི་སྐོར་གྱི་གསུང་བཤད་ཀྱང་གནང་ཡོད། ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཁག་གི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱང་ཕེབས་ཞུགས་གནང་ཡོད། ཟླ་དྲུག་སློབ་ཚན་དུ་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་རྩོམ་ཡིག་སོགས་དང་། ཆོས་འབྱུང་དང་གྲུབ་མཐའ། ཚད་མ་རིག་པ། ཕར་ཕྱིན། དབུ་མ། མཛོད་དང་སྔགས་ཀྱི་ངོ་སྤྲོད་བཅས་ཡོད་ཅིང་། གཞུང་ཆེན་དེ་དག་གི་སྙིང་བཅུད་ཕྱོགས་བསྡུས་ཀྱིས་སློབ་ཚན་གཏན་འབེབས་གནང་བའི་སློབ་དེབ་གཉིས་ཀྱང་གསར་དུ་པར་སྐྲུན་གནང་ཡོད་པ་ལྟར། མཛད་སྒོའི་ཐོག་མཁན་རིན་པོ་ཆེས་དབུ་འབྱེད་གནང་འདུག ཟབ་ཁྲིད་གནང་རྒྱུའི་མཐར་ཡིག་རྒྱུགས་གཏང་ནས་ལག་ཁྱེར་ཡང་གནང་རྒྱུ་ཡིན་འདུག
བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་ཆོས་དང་རིག་གཞུང་བཅས་པར་དོན་གཉེར་ཅན་གྱི་སློབ་མར་མཚོན་ན། ཕྱི་རྒྱལ་སུད་སི་སོགས་ས་གནས་གང་ས་ནས་མཐོ་སློབ་ཐོན་པའི་སློབ་ཕྲུག་ངོ་གྲངས་ ༡༧ འཛུལ་ཞུགས་བྱུང་ཡོད་པ་ནས་བུ་གྲངས་ ༡༡ དང་བུ་མོ་གྲངས་ ༦ ཡོད་པ་རྣམས་སྦྱང་འབྲས་རྩེ་མོར་སོན་ཏེ་ཤེས་སྤྱོད་གཉིས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ངེས་ཅན་རེ་ཡོང་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཅས།།