༢༠༡༤ ཟླ་ ༧ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢ ནས་ཚེས་ ༥ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དིལླཱིར་བོད་ཤིང་སྟག་ ༡༩༡༤ ལོའི་སིམ་ལཱའི་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་རྗེས་དྲན་ (Simla Convention After a Hundred Years) གྱི་བགྲོ་གླེང་ཚོགས་འདུའི་ཐོག་མཉམ་ཞུགས་གནང་སྟེ་གསུང་བཤད་གནང་རྒྱུ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་བྷ་ར་ཏི་ཡ་ཇན་ཏཱ་པར་ཊིའི་ཚོགས་མི་རྒན་གྲས་སྐུ་ཞབས་མུར་ལི་མ་ནོ་ཧར་ཇོ་ཤི་མཆོག་དང་ (Dr.Murli Manohar Joshi) དང་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ India International Centre ཚོགས་གཙོ་ལྕམ་སྐུ་མཁས་དབང་ཀ་པིལཱ་ཝཏྶྱ་ཡན་མཆོག (Dr. Kapila Vatsyayan) ཀྱང་ཆེད་ཕེབས་གནང་རྒྱུ་ཡིན་འདུག སྤྱིར་ཐེངས་འདིར་ལྷན་ཚོགས་གོ་སྒྲིག་གནང་མཁན་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཟུང་འབྲེལ་ཐོག་ཡིན་འདུག ཕྱི་ཚེས་ ༦ ཉིན་སྲིད་སྐྱོང་མཆོག་རྡ་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཆེད་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཟ་འབྲུའི་བློན་ཆེན་སྐུ་ཞབས་ཇི་ཨེ་སི་བྷཱ་ལི་(Shri G.S Bali) མཆོག་དང་ལྷན་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང་།
ཕྱི་ཚེས་ ༧ ཉིན་སྲིད་སྐྱོང་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུ་རྒྱུའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་རྒྱུ་མ་ཟད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་དང་ཀར་ན་ཊ་ཀ་མངའ་སྡེའི་ཤེས་ཡོན་བློན་ཆེན་སྐུ་ཞབས་ཨར་ཝི་དེ་ཤི་པན་ཌེ་ Shri R.V Deshpande མཆོག་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག བོད་ཀྱི་དུས་སྟོན་གོ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ཀར་ན་ཊ་ཀ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་ཡིན་འདུག ཕྱི་ཚེས་ ༨།༩ བཅས་ཉིན་གཉིས་རིང་སྲིད་སྐྱོང་མཆོག་ཀོ་ལེ་གལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་དབུ་མའི་ལམ་གྱི་ལས་འགུལ་ཐོག་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༡༠ ཉིན་ལ་དྭགས་ནང་པའི་མཐུན་ཚོགས་སོགས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་མགྲོན་འབོད་ལྟར་སྲིད་སྐྱོང་མཆོག་ལ་དྭགས་རྒྱལ་ས་སླེ་རུ་དུས་དབང་དུ་ཆོས་ཞུར་བཅར་ཏེ་ཕྱི་ཚེས་ ༡༤ ཉིན་རྡ་སར་ཕྱིར་ཕེབས་གནང་གཏན་འཁེལ་ཡོད་པ་བཅས།།