༢༠༡༤ ཟླ་ ༧ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཀླུ་འཁྱིལ་དགོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཟླའི་ཚེས་ ༢༣ ནས་འཚོགས་བཞིན་པའི་ཆོས་བརྒྱུད་རིས་མེད་ཀྱི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་དང་པོའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཚོགས་པ་ཐེངས་དང་པོ་དེ་རེད། ཁྱེད་རང་ཚོས་འདི་ལྟ་བུའི་གཞུང་ཆེན་ལ་སློབ་གཉེར་བརྒྱབ་ནས་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུའི་རེ་བ་ཡོད་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོས་དེ་རིང་འདིར་ཕར་ཕྱིན་དབྱར་ཆོས་ཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་རང་ཚོའི་ཆོས་བརྒྱུད་ནང་གསེས་ས་སྐྱར་ཆ་བཞག་ན་གྲགས་ཆེན་བཅོ་བརྒྱད་ཀྱི་གཞུང་དེ་དག་ཡོད། སྔ་འགྱུར་རྙིང་མར་ཆ་བཞག་ན་ཀཿདཔལ་རྫོགས་གསུམ་དང་དེ་བཞིན་གཞུང་ཆེན་མང་པོ་གཟིགས་ཀྱི་ཡོད། སྤྱི་ཡོངས་ལ་གཞུང་ཆེན་བཅུ་གསུམ་ཞེས་ཡོངས་གྲགས་རེད། དགེ་ལུགས་པ་ཡིན་ན་ནམ་རྒྱུན་གཞུང་ཆེན་པོ་ཏི་ལྔ་ཞེས་གཙོ་བོ་གསུངས་པ་ཞིག་མ་གཏོགས་དོན་གྱི་གཞུང་ཆེན་བཅུ་གསུམ་དེ་དག་ཚང་གི་ཡོད།
དེར་བརྟེན་ས་སྐྱ་དང་། རྙིང་མ། བཀའ་བརྒྱུད། དགེ་ལུགས། དེ་བཞིན་ཇོ་ནང་པ་སོགས་ཚང་མས་གཞུང་ཆེན་ལྟ་གི་ཡོད། ང་ཚོར་མཐུན་སྒྲིལ་ཡག་པོ་ཞིག་དགོས་ན་གཞུང་ཆེན་མོ་དེ་དག་ལ་ལྟོས་དང་། དེ་ནས་དམ་བཅའ་མཉམ་དུ་ཚོགས་ཐུབ་ཀྱི་རེད། གཅིག་གི་གཅིག་ལ་བློ་སྐྱེད་ཐུབ། དེ་མིན་ས་སྐྱར་ཆ་བཞག་ན་ཀྱེ་རྡོར་གཅིག་པུའི་ཐོག་ཕྱིན་ན། ཀྱེ་རྡོར་གྱི་སློབ་སྦྱོང་མེད་མཁན་ཚོས་སྐད་ཆ་ཤོད་རྒྱུ་གང་ཡང་མེད། གཞུང་ཆེན་བཅུ་གསུམ་ཐོག་ཕྱིན་ན་ས་དགེ་བཀའ་རྙིང་དང་། དུས་ཕྱིས་སུ་བརྩིས་ན་བོན་དང་བཅས་པ་ཚང་མར་ཐུན་མོང་གི་གཞུང་ཞིག་ཆགས་ཡོད། དེ་ནས་དཔལ་ན་ལེནྡྲའི་མཁས་པས་མཛད་པའི་བསྟན་པ་སྤྱི་མཚན་གྱི་དབང་དུ་བྱས་པའི་གཞུང་དེ་དག་གི་ཐོག་ཕྱིན་ན། ཐེག་ཆེན་གྱི་ཡུལ་ལ་དེ་དག་ཚང་མར་ཁྱབ་ཀྱི་ཡོད་པས་གནད་འགག་ཅིག་ཡོད། ང་ཚོ་བོད་པ་ཕོ་རོག་དཀར་པོ་བྱས་ནས་བསྡད་ན་གནས་ཚུལ་ཐ་དད་རེད། ཕོ་རོག་དཀར་པོ་མིན་པར་ནག་པོ་བྱས་ཏེ་བྱ་རོག་སྤྱིའི་ནང་ང་ཚོ་ཚུད་པ་བྱེད་ཀྱི་ཡིན་ན། ང་ཚོས་བསྟན་པ་སྤྱི་མཚན་གྱི་གཞུང་ཆེན་མོ་དེ་དག་ལ་སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བསྟན་པ་སྤྱི་མཚན་གྱི་དབང་དུ་བྱས་པའི་གཞུང་དེ་དག་མ་ཤེས་ན་ཆོས་ཆོས་སུ་འགྲོ་མིན་ཐེ་ཚོམ་རེད། ཐེག་པ་ཆེན་པོ་ཆོས་ཐེག་ཆེན་གྱི་ཆོས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སུ་འགྲོ་མིན་ཐེ་ཚོམ་རེད།
དེ་བཞིན་ང་ཚོས་ཆོས་ཕྱོགས་ཀྱི་ནང་གི་རྟོག་པའི་ངོས་ནས་ཆ་བཞག་ནའང་ལོ་རེ་ནས་ལོ་རེ་ལོ་གཅིག་ཟླ་གཅིག་ཐོན་ཐུབ་པའི་ཉམས་ལེན་བྱེད་དགོས། དེ་ལྟ་བུའི་ཉམས་ལེན་ཡོང་བར་ལྐུགས་པ་ཨུ་ཚུགས་བྱས་ནས་རྟོག་པ་སྐྱེས་ཞེས་པ་དེ་ཁག་པོ་རེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ནས་དེའི་ཐོག་ནས་བསམ་བློ་བཏང་ན། ཡིད་ཆེས་གཏིང་ནས་བསླེབ་པ་དང་དེའི་དད་པ་་དང། འདུན་པ། བརྩེ་བ་བསླེབས་ཀྱི་ཡོད། སྔོན་ལ་ཡོན་ཏན་ཐམས་ཅད་ལ་སྦྱང་དགོས། སྐྱབས་སུ་མཆི་བརྗོད་པ་ཙམ་གྱི་འགྲིག་གི་མེད། དེར་བརྟེན་རྒྱུ་མཚན་མཐོང་བའི་ཐོག་ཤེས་ནས་དད་པ་ཐོབ་དགོས། ཤེས་ནས་དད་པ་ཐོབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
སྤྱིར་ཀླུ་འཁྱིལ་དགོན་དུ་གོ་སྒྲིག་ཞུས་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཞེས་པ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་ཚལ་གྱི་ཕོ་བྲང་ནང་། ལ་དྭགས་ཁུལ་གྱི་དགོན་སྡེ་ཁག་ནང་ཁུལ་དབར་ཟླ་གཟིག་ཙམ་གྱི་རིང་ལ་དྭགས་ཁུལ་དུ་གཞུང་ཆེན་ཁག་གི་ཐོག་བགྲོ་གླེང་གནང་ཐུབ་ན་ཡག་པོ་ཡོད་སྐོར་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན། ཐེངས་འདིར་ཀླུ་འཁྱིལ་དགོན་དུ་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཐེངས་འདིའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་འདི་བརྒྱུད་ཆོས་བརྒྱུད་ཁག་གི་དགེ་འདུན་ཕན་ཚུན་དབར་ཕར་ཕྱིན་ཐོག་སྦྱང་བཤད་དང་། དགོན་སྡེ་ཕན་ཚུན་དབར་དམ་ཚིག་འཐུས་གཙང་ཡོང་ཆེད་ཡིན་འདུག