༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༦ ཉིན་རྡ་སའི་ཉེ་འགྲམ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ལྟེ་གནས་ཁང་གི་གཙུག་ལག་ཁང་དུ་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག གསར་དུ་ཁྲི་གསོལ་བསྐྱངས་པའི་དགའ་ལྡན་ཁྲི་པ་མཆོག ཤར་པ་ཆོས་རྗེ་མཆོག དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དགེ་འདུན་འདུས་མང་གི་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། དཔལ་ལྡན་རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་པ་དང་། བཀའ་ཁྲི་མཆོག་གིས་དབུས་བཀའ་བློན་རྣམ་པ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་། ཚོགས་པ་ཁག་གི་སྐུ་ཚབ། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་ལྷན་འཛོམས་ཐོག་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་ནས་དུང་རྒྱ་ཕུལ་བ་དང་བསྟུན་ནོར་གླིང་ངེས་སྟོན་པ་སྟེང་ཞལ་གཉིས་ནས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འགྲེམས་སྟོན་ཁང་བརྒྱུད་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཞལ་འདོན་དབུ་བསྐུལ་གནང་རྗེས་རྟེན་འབྱུང་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས།
དེ་ནས་དགའ་ལྡན་ཁྲི་ཐོག ༡༠༢ ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེའི་གསར་མཇལ་དང་ཁྲི་གསོལ་བསྐྱངས་པར་ནོར་གླིང་ངེས་སྟོན་པ་མཆོག་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས་བསྟུན་༸རྒྱལ་བའི་ཞབས་བརྟན་འདོན་གནང་མཛད། དེ་རྗེས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་༸རྒྱལ་བའི་མཛད་རྣམ་དབུ་འབྱེད་བསྐྱངས། དེ་ནས་མཛད་རྣམ་རྩོམ་སྒྲིག་པ་རྣམས་ལ་༸གོང་ས་མཆོག་གིས་མཇལ་ཁ་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་ནོར་གླིང་གི་ཕྱག་རྟགས་གནང་བ་དང་། དེ་རྗེས་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ནོར་གླིང་མཐོ་སློབ་མཐར་ཕྱིན་རྣམས་ལ་རབ་འབྱམས་པའི་ཕྱག་འཁྱེར་གནང་གྲུབ་མཚམས་ནོར་གླིང་ངེས་སྟོན་པ་སྐལ་བཟང་ཡེ་ཤེས་ལགས་ནས་སྤྱི་བསྡོམས་གནས་སྟངས་སྐོར་དང་༸རྒྱལ་བའི་མཛད་རྣམ་འབྲི་འགོད་ཞུ་ཚུལ་བཅས་སྙན་སྒྲོན་ཞུས་རྗེས་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གསུང་བཤད་གནང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན། རིན་པོ་ཆེ་ཐུབ་བསྟན་ཉི་མའི་ཞལ་སྔ་ནས་དང་། ཀརྨ་པ་རིན་པོ་ཆེ་རེེད། སྨན་རི་ཁྲི་འཛིན་རིན་པོ་ཆེ་རེད། རྣམ་པ་གཉིས་ཀྱི་མཚོན་པའི་འདིར་འཁོད་དད་དམ་ལ་རྒྱ་དོར་མེད་ཀྱིས་སེར་སྐྱ་མི་མང་ཚང་མར་ཞུ་རྒྱུར། དེ་རིང་འདིར་རྩ་བ་ངོས་ཀྱི་ལོ་རྒྱུས་བོད་ཡིག་ནང་ཕྱོགས་བསྒྲིགས་བྱས་ཏེ་ལོ་མང་པོ་ཞིག་ཕྱིན་པ་རེད། གཅིག་འབྲི་དགོས་ཀྱི་འབྲི་དགོས་ཀྱི་ཞེས་བརྗོད་ནས་ལོ་མང་པོ་ཞིག་འགོར་བ་རེད། མཐའ་མའི་འབྲས་བུ་དེ་ནོར་གླིང་ནས་ཁུར་བླངས་ཏེ་མཐའ་ལ་བཀར་ནས་དེ་རིང་འདིར་གཅིག་ཐོན་ཐུབ་པ་རེད། དངོས་གཞི་དེབ་འདི་འགྲེམས་སྤེལ་བྱེད་རྒྱུ་དེ་ཡིན་པ་རེད། སྔོན་ལ་དེ་རིང་འདིར་དགའ་ལྡན་ཁྲི་རིན་པོ་ཆེ་གསར་མཇལ་གནང་བ་རེད། རིན་པོ་ཆེ་རྩ་བ་དགའ་ལྡན་ཁྲི་པའི་འགྲོ་སྟངས་ལྟ་བུ་དེ་ཐོག་མར་གྲྭ་དཀྱུས་ཤིག་གིས་གཞུང་ཆེན་ལ་སློབ་གཉེར་ལོ་བཅོ་ལྔ་ཉི་ཤུ་དེ་འདྲ་ཞིག་བྱས། དེ་ནས་དགེ་བཤེས་ཐོན་ཏེ་སོ་སོའི་ཐོབ་ཁོངས་ཀྱི་ཐོག་ནས་རྒྱུད་སྟོད་སྨད་གཉིས་ལ་བཞུགས། དེ་རྗེས་དེའི་ཕྱོགས་གཏོགས་དེ་དག་བསྐོར། དེ་ནས་དཔེ་ཆ་ཡག་ཉེས་ལ་གཞིགས་པའི་རིམ་པས་རྒྱུད་པའི་དགེ་བསྐོས་དང། རྒྱུད་པའི་བླ་མ་དབུ་མཛད། རྒྱུད་པའི་མཁན་པོ།
དེ་ནས་མཁན་པོ་འཁྱུར་རྗེས་རྒན་གཞོན་གྱི་ཐོག་ནས་ཤར་བྱང་ཆོས་རྗེ་རྣམ་པ་གཉིས་ཕལ་ཆེར་ལོ་བདུན་ཙམ་ཞིག་གནང་གི་ཡོད་པ་རེད། ཁོང་རྣམ་པ་གཉིས་རེ་མོས་ཐོག་ནས་དགའ་ལྡན་ཁྲི་པ་གནང་རྒྱུའི་ལུགས་སྲོལ་དེ་སྤུས་དག་པོ་ཞེ་དྲག་ཡག་པོ་རེད་འདུག དེ་འདྲའི་ཐོག་ནས་རིན་པོ་ཆེར་ཆ་བཞག་ན། སྔ་མོ་ངོས་རང་ལྷ་སར་ཡོད་སྐབས་རིན་པོ་ཆེ་ཡོད། བློ་གསལ་གླིང་དུ་དེ་དུས་རིན་པོ་ཡོད་པ་རེད། རིན་པོ་ཆེའི་སྤྱན་སྤུ་ཟིང་ཟིང་འདི་དེ་དུས་ནས་ཡོད། ངོས་ནས་གསལ་པོ་དྲན་གྱི་འདུག དེ་དུས་ལ་དྭགས་པ་ཞིག་ཡོད་ཅེས་ཤོད་རྒྱུ་ཞིག་ཡོད། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་རྗེས་རིན་པོ་ཆེ་གདན་ས་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་གནང་བ་དང་། དེ་བཞིན་རྒྱུད་པའི་ལས་སྣེ་གནང་རྒྱུ་དེ་དག་དངོས་གནས་འཛེམས་ཟོན་དང་སྤྱི་ཟོམ་རང་དོན་ཕྱོགས་ལྷུང་དེ་འདྲ་གཏན་ནས་མེད་པ་བསམ་པ་རྣམ་དག་ཁ་རི་ཁ་ཐུག་ཐོག་ནས་ཧུར་ཐག་འབད་ཐག་གནང་བ་རེད། རིན་པོ་ཆེ་ལ་དྭགས་ལ་ཕེབས་པ་རེད། སྤྱིར་ལ་དྭགས་ཀྱི་བླ་མ་གཙོ་བོ་བ་ཀུ་ལ་རིན་པོ་ཆེ་སྐབས་ནས་བཟུང་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་ཀྱང་དགོས་པ་ཡོད་པ་ཞིག་ཆགས་ཡོད། དེ་འདྲའི་ཐོག་ནས་ལ་དྭགས་ཀྱི་སྲིད་དོན་ནང་ལ་འབྲེལ་བ་ཡོད་པ་ཞིག་རེད། འོན་ཀྱང་རིན་པོ་ཆེ་ཐོག་མཐའ་བར་གསུམ་དུ་སྲིད་དོན་ནང་འབྲེལ་བ་མེད་པའི་ཐོག་ནས་ལ་དྭགས་ཀྱི་སྲིད་དོན་ཤོག་ཁག་གི་ཆབ་སྲིད་ནང་འབྲེལ་བ་ཁྱོན་ནས་མེད་པར་བྱས་ཏེ་ལ་དྭགས་སྤྱིའི་ཉི་མ་ལྟར་བཞུགས་པ་རེད། དེ་འདྲ་ཞིག་གིས་ཐོག་ནས་ད་ཆ་རིན་པོ་ཆེ་དགའ་ལྡན་ཁྲི་པར་ཕེབས་པ་རེད། ངོས་སྒེར་ཀྱི་ངོས་ནས་བཤད་ན། རིན་པོ་ཆེའི་སྐུ་མདུན་ནས་བཀའ་འགྱུར་ནང་གི་གཞུང་དེ་འདྲ་དང་དེ་བཞིན་ཀླུ་སྒྲུབ་ཀྱི་གསུང་བསྟོད་ཚོགས། ཐོགས་མེད་ཀྱི་བྱང་ས། དེ་དང་དེས་མཚོན་པའི་གཞུང་མང་པོ་ཞིག་རིན་པོ་ཆེའི་སྐུ་མདུན་ནས་ལུང་ཐོབ་སྟེ་ཁ་ཤས་ཞལ་ལུང་རེད། དེ་དག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་སྟེ་སྐལ་བ་བཟང་པོ་ཞེ་དྲག་ཡིན། བྱས་ཙང་ད་རེས་ཧི་མ་ལ་ཡའི་རི་རྒྱུད་ནང་གི་མི་གཅིག་རེད། དེ་སྔོན་ནས་དགའ་ལྡན་ཁྲི་པའི་འགྲོ་སྟངས་དེ་དངོས་གནས་དྲང་གནས་སོ་སོར་དཔེ་ཆ་ཡོད་པ་ཞིག་དང་ལུང་རྟོགས་ཀྱི་ཡོན་ཏན་ཡོད་པ་བྱུང་བ་ཡིན་ན། སུ་ཡིན་ཡང་མི་རིགས་ཀྱི་དབྱེ་བ་མེད་པར་དགའ་ལྡན་ཁྲི་པར་ཕེབས་རྒྱུའི་ལམ་ཞིག་སྔ་མོ་ནས་ཡོད་པ་རེད། དེ་ཚོ་དངོས་གནས་རླབས་ཆེན་རེད་འདུག གདན་ས་ཁག་གི་མཁན་པོ་ཚོ་ཡིན་ནའང་རེད། རྒྱུད་པའི་མཁན་པོ་ཡིན་ནའང་རེད། མི་རིགས་ཀྱི་དབྱེ་བ་གང་ཡང་མེད། སོག་པོ་ཡོང་གི་ཡོད་པ་རེད། རྒྱ་གར་ནས་ཡོང་གི་ཡོད། སྤྱིར་བཏང་དགེ་བཤེས་ནང་ལ་ཆ་བཞག་ནས་རྒྱ་མི་ཡོང་གི་ཡོད་པ་རེད་དབྱེ་བ་ཁྱོན་ནས་མེད། དེ་ཚོའི་གྲས་ཡག་པོ་ཞེ་པོ་རེད་འདུག ད་ཆ་རིན་པོ་ཆེ་ཧི་མ་ལ་ཡའི་རི་ཁུལ་ནས་གདན་སར་ཕེབས་མཁན་ཞིག་གིས་དགའ་ལྡན་ཁྲི་པ་གནང་བ་རེད། དེར་བརྟེན་རིན་པོ་ཆེར་དམིགས་བསལ་གྱི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།
ད་ལྟ་བར་དུ་ཧུར་ཐག་གནང་སོང་། བོད་སྤྱིའི་དོན་ལ་ཞེ་དྲག་ཐུགས་ཁུར་བཞེས་པ་རེད། ད་དུང་ཡང་དགའ་ལྡན་ཁྲི་པའི་མཚན་ཐོག་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་གནང་ཐུབ་རྒྱུའི་གོ་སྐབས་ཏན་ཏན་ཡོད་པ་རེད། ཐུགས་སྐྱེད་སྨོན་ལམ་གྱི་འབྲས་བུ་དུས་སུ་སྨིན་པ་ཡིན་པས་རིན་པོ་ཆེའི་ཐོག་ནས་ཡིན་ཡང་ཐུགས་ཁུར་སྐྱེད་དེ་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན། རིན་པོ་ཆེའི་གསོལ་དཔོན་ག་པར་ཡོད། གསོལ་དཔོན་ལ་ཡང་བཀྲིས་བདེ་ལེགས་ཡོད། སྔོན་མ་རིན་པོ་ཆེ་བློ་གསལ་གླིང་གི་མཁན་པོ་གནང་སྐབས་ཏོག་ཙམ་སྙུན་ནས་དེ་དུས་རང་སེམས་ཁྲལ་ཆེན་པོ་བྱས་ཏེ་ངོས་ཀྱི་སར་རྒྱུགས་ཡོང་གི་ཡོད། ཧུར་ཐག་འབད་ཐག་བྱེད་མཁན་གྱི་གྲྭ་པ་གྲྭ་རྐྱང་རེད། དེ་འདྲ་གཅིག་གིས་རིན་པོ་ཆེའི་ཞབས་ཕྱི་ལྷག་བསམ་རྣམ་དག་བྱས་ཏེ་ཞུས་སྡོད་མཁན་ཞེ་དྲག་ཡག་པོ་རེད། ཁྱེད་རང་ལའང་བཀྲིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ལྟ་དགའ་ལྡན་ཁྲི་པའི་ཕྱག་མཛོད་ཆགས་པ་རེད། དགུང་ལོ་གང་ཙམ་ཡར་ཕེབས་ཀྱི་ཡོད་པ་རེད། དེར་བརྟེན་རྒྱུན་གཏན་ནས་འཕྲོད་བསྟེན་གནང་རྒྱུ་དེ་ཚོའི་གྲས་གཟབ་གཟབ་གནང་དགོས་རྒྱུ་ཞིག་རེད་འདུག དེ་གནང་རོགས་ཞུ་རྒྱུ་ཡིན། ཁ་སྔོན་རིན་པོ་ཆེར་ཞུས་པ་ནང་བཞིན་རེད། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་གྱི་ལུང་གཅིག་ངོས་ཞུས་དགོས་ཡོད། ཅེས་ནས་ཁ་སྔོན་ཞུས་པ་ལྟར་རེད། རིམ་པས་དུས་ཚོད་བྱུང་བ་ཡིན་ན། རིན་པོ་ཆེས་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། དེ་དོན་ཚན་གཅིག་ཡིན། དོན་ཚན་གཉིས་པ་དེ། གོང་དུ་བཀའ་བློན་ཁྲི་པས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སོང་། རྩ་བ་ལས་བསྡོམས་ནང་ལའང་འགྲེལ་བཤད་ཞིབ་ཕྲ་འདུག དངོས་གནས་སྒྲིག་འཛུགས་འདི་ཚུགས་ནས་འདས་པའི་ལོ་ཡུན་དེ་དག་རིང་ལ་གཞི་རྒྱ་ཆུང་ཆུང་ཞིག་ནས་དངོས་གནས་མིང་དོན་མཚུངས་པའི་ཡར་རྒྱས་ཕྱིན་ཏེ་ཞེ་དྲག་ཡག་པོ་རེད་འདུག བཀའ་བློན་ཁྲི་པས་བསྔགས་བརྗོད་གནང་བ་ལྟར་རེད། དངོས་གནས་སྒྲིག་འཛུགས་ཚད་ལོངས་པ་གཅིག་ཆགས་ཏེ་ཞེ་དྲག་ཡག་པོ་ཡིན། རྩ་བའི་ཆོས་དང་རིག་གཞུང་དེ་འདྲའི་ཐོག་ནས་ཞབས་འདེགས་སྒྲུབ་པ་དང་ཆབས་ཅིག་ལས་ཀ་ག་རེ་བྱས་ཀྱང་དཔལ་འབྱོར་དགོས་ཀྱི་ཡོད་པ་རེད། དཔལ་འབྱོར་རང་ཁ་རང་གསོ་ཐོག་ནས་ཡོང་ཐུབ་རྒྱུའི་དམིགས་ཡུལ་འཛིན་རྒྱུ་དང་། དེ་བཞིན་ལས་ཀ་ཐུབ་མཁན་གང་མང་ལ་ལས་ཀ་སྤྲོད་རྒྱུ། རྒན་གཞོན་བར་གསུམ་ཚང་མར་ལྟ་རྟོགས་བྱེད་རྒྱུ་དེ་ཚོའི་གྲས་ཡག་པོ་བྱུང་འདུག ད་བར་དུ་དཀའ་ལས་བརྒྱབ་པ་ཚང་མ་ཁ་ཤས་ནི་འདས་ཟིན་པ་ཡོང་མདོག་ཁ་པོ་རེད། ཁྱེད་རང་ཚོས་འདས་གསོན་ཚང་མར་ད་བར་དུ་ཧུར་ཐག་བྱས་པ་དེར་ཐུགས་རྗེ་ཞུ་རྒྱུ་དང་རྗེས་སུ་ཡི་རང་ཡོད། དངོས་གནས་སྒྲིག་འཛུགས་གཞན་དག་ཚོའི་དམིགས་དཔེ་འོས་པ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་སླད་ཀྱང་ད་ལྟ་བཞིན་དུ་ཧུར་སྐྱེད་བྱེད་རོགས་ཞེས་ཟེར་རྒྱུ་ཡིན། སྐལ་བཟང་ཡེ་ཤེས་ལགས་ལོ་ཡར་སླེབས་ཡོང་གི་ཡོད་གཟུགས་བབ་ཀྱང་ཞན་པོ་རེད། ད་གིན་ཡར་ཡོང་སྐབས་ཁྱ་རེ་ཁྱོ་རེ་ལྟ་བུ་བྱེད་ཀྱི་འདུག གང་ལྟར་སོ་སོའི་མི་ཚེ་དོན་དང་ལྡན་པ་རེད། བོད་སྤྱི་པའི་དོན་དག་ལ་བསམ་པ་རྣམ་དག་རེད། སྔ་མོ་སྐལ་བཟང་ཡེ་ཤེས་ཨ་རིར་ཡོད་པའི་སྐབས་ཤིག་རྒན་པདྨ་རྒྱལ་མཚན་གྱིས་ངོས་ལ་གསུངས་བྱུང་། སྐལ་བཟང་ཡེ་ཤེས་གྲྭ་པ་ལོག་པ་རེད། ཨ་རིར་དབྱིན་སྐད་སྦྱང་ནས་བསྡད་འདུག དེ་ཕྱིན་ཆད་ཐུགས་ཕན་གསོ་པ་ཡོད། ཅེས་རྒན་པདྨ་རྒྱལ་མཚན་གྱིས་དེ་འདྲ་གསུངས་བྱུང་། དངོས་གནས་རྒན་པདྨ་རྒྱལ་མཚན་གྱིས་ལུང་བསྟན་གནང་བ་ལྟ་བུ་ཞིག་རེད། གྲྭ་པ་ལོག་པ་རེད་དེ་ཡིན་ནའང་ད་ལྟ་ཁོང་རང་དང་ཁོང་རང་གིས་ཕ་རན་སིའི་ཨ་ཅག་ལགས་ལ་ཆ་བཞག་ནའང་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད། སྐྱེས་ས་ཕ་རན་སིའི་ལུང་པར་སྐྱེས་པ་རེད། ཡིན་ནའང་སོ་སོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོང་གི་འདུག ཧུར་ཐག་འབད་ཐག་བྱས་ཏེ་ཞེ་དྲག་ཡག་པོ་ཡིན། དེ་དང་དེ་མཚུངས་ཁྱེད་རང་ཚོ་ལས་ཀ་བྱེད་མཁན་ཚང་མས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཚང་མས་ཧུར་ཐག་བྱེད་རོགས། ང་ཚོ་བོད་པའི་ལས་ཀར་རིགས་གཅིག་འགོ་འཛུགས་སྐབས་རྗིག་པོ་དང་ཚང་མར་སྲོང་པོ་ལྟ་བུ་བྱས། ག་ལེར་ག་ལེར་ལོ་ཇི་སོང་གི་ཆ་ཅན་ནང་དུ་ཕྱིན་ཏེ་དེ་ལ་གསར་གཏོད་དང་ཡར་རྒྱས་གཏོང་རྒྱུ། ང་ཚོ་འདིར་ཛ་དྲག་གི་གནས་ཚུལ་ཡིན་པ་དེ་ངོས་འཛིན་མ་ཐུབ་པར་དེ་འདྲ་བྱས་ནས་འགྲོ་རྒྱུ་མང་པོ་ཡོང་གི་འདུག འདིར་ཁྱེད་རང་ཚོར་དེ་འདྲ་མེད་པ་ལྟ་བུ་ཞིག་འདུག་ཡག་པོ་ཞེ་དྲག་རེད།
དེར་བརྟེན་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་ཀྱང་ཧུར་ཐག་བྱེད་རོགས་ཞེས་ཟེར་རྒྱུ་ཡིན། དེ་ནས་༸རྒྱལ་དབང་རིན་པོ་ཆེའི་རྣམ་ཐར། རྣམ་ཐར་ནི་མིས་སྒྲོ་ལྟ་བུ་ཞིག་བཏགས་ཏེ་མང་པོ་ཤོད་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན། གུང་ཐང་རིན་པོ་ཆེས་གསུངས་བ་ལྟར་རེད། དམ་ཆོས་བྱེད་རྒྱུ་མ་དྲན་ཉི་ཤུ་ཐལ། །བྱེད་དོ་བྱེད་དོ་ཟེར་ཞིང་ཉི་ཤུ་ཐལ། །མ་བྱུང་མ་བྱུང་ཟེར་ཞིང་གཅུན་པ་ཐལ། །ཞེས་གུང་ཐང་རིན་པ་ཆེས་གསུངས་ཡོད་པ་རེད། ངོས་ལ་ཚུར་སྦྱར་བ་ཡིན་ན། །མ་བྱུང་མ་བྱུང་ཟེར་ཞིང་སུམ་ཅུ་ཐལ། །མི་ཚེ་སྟོང་པར་ཟད་པའི་རྣམ་ཐར་ཡིན་ཟེར་བ་དེ་རེད། དངོས་གནས་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དེ་འདྲ་ཞིག་ཡོད་བཞིན་དུ་ངོས་ཀྱི་མི་ཚེ་སྐྱེལ་སྟངས་ལ་བསམ་བློ་ཞིག་བཏང་བ་ཡིན་ན་མི་ཚེ་སྟོང་ཟད་ལྟ་བུ་ཞིག་རེད། ཡིན་ནའང་། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་བྱང་ཆུབ་སེམས་པ་རྣམས་ཀྱིས་སྨོན་ལམ་བསྐྱོན་པ་ལྟར་ངོས་ནས་འཇོན་རྒྱུ་ཡོད་པ་མ་རེད།
འོན་ཀྱང་ལད་ཟློས་ལྟ་བུ་བྱས་ཏེ་གང་ལྟར་རང་གི་སྒོ་གསུམ་པ་འདི་གཞན་ལ་ཕན་པ་ཞིག་བྱུང་ན་བསམ་པའི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད། ཕྲན་བུ་ཕྲན་བུ་ཕན་གྱི་ཡོད། དེ་འདྲ་ཞིག་གི་ཐོག་ནས་མི་ཚེ་བསྐྱལ་བའི་ལོ་རྒྱུས་ཤིག་ཡིག་ཐོག་ལ་བྲིས་ནས་ཡོང་གི་ཡོད་པ་རེད། སྔ་མོ་འདི་འདྲ་བཤད་སྲོལ་ཡོད། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་ཟེར་རྒྱུའི་བཤད་སྲོལ་ཡོད། མི་ཞིག་ལ་དད་པ་ཡིན་ཁུལ་བགྱིས་ཏེ་ཞེ་པོ་གཅིག་སྒྲོ་བཏགས་ཏེ་སྙན་ངག་རབ་བཏགས་ཀྱི་བཟོ་འདྲ་པོ་ཞིག་བཤད་ཡོང་སྐབས་བླ་མ་ཟོག་པོར་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད། བྱས་ཙང་རང་བཞིན་བརྗོད་ནས་ཤོད་རྒྱུ་དེ་ཞེ་དྲག་ཡག་གི་རེད། རྣམ་ཐར་དེ་ངོས་ནས་མཐོང་མ་སོང་། ཡག་པོ་བྱུང་ཡོད་ཀྱི་རེད། གང་ལྟར་ཚང་མས་ཁུར་བླངས་ནས་ཕྱོགས་བསྒྲིགས་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་ནས་འདས་པའི་བདུན་ཕྲག་གཅིག་ནང་ལ་ལྷ་སར་མི་བཞི་སྲོག་ཐོག་བཏང་བའི་སྐད་ཆ་མང་པོ་ཞིག་ལྷག་བསྡད་ཡོད། དེ་དག་ཚང་མ་ལོ་གཞོན་པ་ཤ་སྟག་རེད་འདུག ཧ་ལས་པའི་སེམས་སྐྱོ་པོ་རེད། ང་ཚོས་ཞེ་དྲག་བྱེད་རྒྱུ་ཡོད་པ་མ་རེད། དེ་རིང་འདིར་ཚད་མེད་ཡོན་ཏན་ཞིག་བཏོན། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །ཅེས་པའི་ཚིག་འདི་བཞིན་སྨོན་ལམ་འདོན་རྒྱུ་རེད། སྙིང་རྗེ། འདས་གྲོངས་སུ་ཕྱིན་པ་རྣམས་དང་དེ་དག་གི་ནང་མི་ཚང་མ་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་སྨོན་ལམ་རྒྱག་རྒྱུ། དེ་ཙམ་དུ་མ་ཟད་ཉེ་ཆར་ཡུ་གུར་མི་མང་པོ་ཞིག་སྲོག་ཐོག་གི་ཉེས་ཁྲིམས་བཅད་པ་དེ་དག་རེད། དེ་བཞིན་ཁ་སང་ཁ་ཉིན་རང་ཨི་རག་ནང་འབར་རྫས་གས་ཏེ་མི་བརྒྱ་ལྷག་ཙམ་ཤིག་ཤི་བ་དང་། མི་ལྔ་བརྒྱ་ལྷག་ཙམ་ཞིག་རྨས་ཡོད་སྐོར་ཤོད་ཀྱི་འདུག དེ་དང་དེས་མཚོན་པའི་འཛམ་གླིང་འདིའི་སྟེང་དངོས་གནས་ཆགས་སྡང་དབང་གིས་མི་མང་པོ་ཞིག་ཕུང་ལ་སྦྱར་རྒྱུ་ཞིག་ཡོང་གི་ཡོད་པ་རེད། ང་ཚོ་ཚང་མས་སེམས་ཅན་ཐམས་ཅད་ཅེས་ནས་སྨོན་ལམ་རྒྱག་གི་ཡོད་པ་རེད། བོད་པ་གཅིག་པུའི་དོན་ལ་ང་ཚོས་སྨོན་ལམ་རྒྱག་གི་ཡོད་པ་མ་རེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་རྒྱག་གི་ཡོད་པ་རེད། འཛམ་གླིང་གི་མི་ཚང་མས། སྤྱིར་འཇིག་རྟེན་ཀྱི་ཁམས་འདི་རེད། འདིས་མཚོན་པའི་སེམས་ཅན་ཐམས་ཅད་རེད། ཡང་སྒོས་ང་ཚོས་ཐད་ཀར་བདག་འབྲས་གཅིག་གྱུར་ཐོག་ནས་འཛམ་གླིང་འདི་ང་ཚོ་གཅིག་གྱུར་གྱིས་ལོངས་སྤྱོད་ཀྱི་ཡོད་པ་རེད། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་གཅིག་འདི་ང་ཚོ་བདག་འབྲས་ཐུན་མོང་ཐོག་ནས་སྨིན་པ་རེད། ཅེས་གསུངས་ཀྱི་ཡོད་པ་རེད།
དེ་འདྲ་ཡིན་དུས་བྱེ་བྲག་ཏུ་ང་རང་ཚོ་འཛམ་གླིང་འདིའི་སྟེང་ལ་མི་དང་སྲོག་ཆགས་དེ་དག་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཆགས་ཡོད། དེར་བརྟེན་སྤྱིར་རང་རང་སོ་སོས་བསགས་པའི་ལས་ཀྱི་འབྲས་བུ་དེ་སོ་སོས་མྱོང་དགོས་ཀྱི་ཡོད། ལས་མ་བྱས་པ་རྣམས་མི་བྱ། བྱས་པ་ཆུད་མ་ཟོས་པར་བྱས་གསུངས་ཀྱི་ཡོད་པ་རེད། པོ་ཏོ་བས་དེ་འདྲ་གསུངས་ཡོད། རྒྱུད་ཐ་དད་པ་ཡིན་ནའང་། མཉེན་གྱི་འབྲེལ་བ། རིགས་རུས་ཀྱི་འབྲེལ་བ། གཉེན་གྱི་འབྲེལ་བ་ཡོད་པ་ཡིན་ན། ཕ་མའི་དོན་དུ་ཕྲུ་གུས་སྨོན་ལམ་བརྒྱབ་པ་ཡིན་ན། ཕ་མར་ཕན་གྱི་ཡོད་པ་དང་། ཡང་ཕྲུ་གུའི་དོན་དུ་ཕ་མས་སྨོན་ལམ་བརྒྱབ་པ་ཡིན་ནའང་ཕྲུ་གུར་ཕན་གྱི་ཡོད་པ་རེད། གང་ལྟར་རིགས་རུས་ཀྱི་འབྲེལ་བ་གཅིག་གིས་ཐོག་ནས་དེ་འདྲ་གསུངས་ཀྱི་འདུག ཡང་ལོངས་སྤྱོད་ཀྱི་འབྲེལ་བ་ཞེས་ཁྱིམ་ཚང་གཅིག་གི་ནང་མི་ཞིག་འདས་གྲོངས་ཕྱིན་པ་ཡིན་ནའང་རེད། ན་བ་ཡིན་ནའང་རེད། དེ་འདྲའི་ཆེད་དུ་ལོངས་སྤྱོད་ཐུན་མོང་བ་ཡིན་པའི་ཁྱིམ་གཅིག་པ་ཚོས་དགེ་བ་བསྒྲུབ་པ་ཡིན་ན། ལོངས་སྤྱོད་ཐུན་མོང་བ་ཡིན་པའི་སྐྱེས་བུ་གཞན་དག་དེར་ཕན་ཐོགས་ཡོད་པ་ཞིག་ལོངས་སྤྱོད་ཀྱི་འབྲེལ་བའི་ཆ་ནས་ཡོང་གི་ཡོད་ཅེས་གསུངས་ཀྱི་ཡོད། རིགས་གཅིག་དེ་ཆོས་ཀྱི་དམ་ཚིག་གི་འབྲེལ་བའི་ཆ་ནས་ཀྱང་བླ་མའི་དོན་དུ་སློབ་མས་སྨོན་རྒྱག་རྒྱུ་དང་དགེ་བ་བསྒྲུབ་པ་ཡིན་ན་ཕན་ཐོགས་ཡོད་པ་ཞིག་དང་། ཡང་སློབ་མའི་དོན་དུ་བླ་མས་སྨོན་ལམ་བརྒྱབ་པ་ཡིན་ནའང་ཕན་ཐོགས་ཡོད་པ་ཞིག་ཆོས་ཀྱི་འབྲེལ་བ་ཞེས་འབྲེལ་བ་གསུམ་གྱི་ཐོག་ནས་གང་ཟག་རྒྱུད་ཐ་དད་པ་ཞིག་གིས་དགེ་བ་བསྒྲུབ་པ་དེ་གང་ཟག་རྒྱུད་ཐ་དད་པ་གཞན་དེ་ལ་ཕྲན་བུ་ཕན་ཐོགས་ཡོད་པ་ཞིག་གསུངས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོས་འདས་གྲོངས་སུ་ཕྱིན་པ་དེ་དག་གི་ཆེད་དུ་དམིགས་ཏེ་སྨོན་ལམ་རྒྱག་གི་ཡིན་གཞན་དག་ང་ཚོར་བྱེད་རྒྱུ་གང་ཡང་མི་འདུག བྱས་ཙང་དེ་རིང་འདིར་དགེ་འདུན་འདུས་པ་རྒྱ་མཚོ་ཚོགས་ཡོད་པ་རེད། དེར་བརྟེན་ཚང་མས་སྨོན་ལམ་ཞིག་བརྒྱབ་ན་དྲན་བྱུང་། ཞེས་བཀའ་སློབ་ཟབ་མོ་སྩལ་ཏེ་ཐུན་མོང་ཐོག་ཚད་མེད་ཡོན་ཏན་གསུང་འདོན་གནང་སྟེ་ཐུགས་སྨོན་རྒྱ་ཆེ་མཛད་ཡོད།