༢༠༡༤ ཟླ་ ༦ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སླེ་ཇོ་ཁང་དང་བ་ཀུ་ལ་དྲན་རྟེན་གླིང་ག དཔེ་ཐུབ་དགོན་པ་བཅས་སུ་ཆིབས་སྒྱུར་གྱིས་ཇོ་ཁང་དུ་མཆོད་མཇལ་དང་། བ་ཀུ་ལའི་དྲན་རྟེན་སྐུ་བརྙན་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་གསར་བཞེངས་ཞིག་གསོར་རབ་གནས། དེ་བཞིན་མི་མང་ལ་ལམ་སྟོན་བཀའ་སློབ་སྩལ་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཡས་མས་སུ་མགོན་པོ་གང་ཉིད་མཆོག་ལ་དྭགས་ལྕོག་ལམ་ས་ཞི་བའི་ཚལ་ཕོ་བྲང་ནས་རྒྱལ་ས་སླེ་རུ་ཆིབས་སྒྱུར་བསྐྱངས་ཏེ་མཆོད་མཇལ་དང་འབྲེལ་དགའ་ལྡན་ཁྲི་རིན་པོ་མཆོག་དང་ལ་དྭགས་ནང་ཚོགས་ཀྱི་ཚོགས་མི། མི་མང་ཁག་གཅིག་བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་ཕེབས་དོན། སྔ་ལོ་ངོས་རང་འདི་གར་ཐེངས་ཤིག་བསླེབས་རྗེས་སྨོན་ལམ་བརྒྱབ་སྟེ་བདུན་ཕྲག་གསུམ་རིང་བསྡད་མཐར་ཇོ་ཁང་ནང་མཆོད་མཇལ་དུ་ཡོང་བ་ཡིན། སྐབས་དེར་ཇོ་བོ་མཇལ་རྒྱུ་མ་ཡིན་པར་ངོས་རང་གི་བཞུགས་ཁྲི་མཇལ་རྒྱུ་རེད་འདུག
ངོས་ཀྱིས་ཁོང་ཚོར་རྩེད་མོའི་ཚུལ་དུ་བཤད་པ་ཡིན། ངོས་རང་ནམ་རྒྱུན་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་གཅིག་ནས་བླ་ན་མེད་པའི་དགེ་རྒན་ཆེན་མོ་ཞིག་དང་། ཕྱོགས་གཞན་ཞིག་ནས་མཚན་ཉིད་རིག་པའི་མཁས་དབང་ཞིག་དང་། ལྷག་པར་སྤྱི་ཚོགས་གསར་བརྗེ་བ་ཞིག་ཀྱང་རེད། ཅེས་བརྗོད་ཀྱི་ཡོད། ཕྱི་ལོ་ ༡༩༥༤ ལོར་ངོས་རང་པེ་ཅིན་དུ་ལྟ་སྐོར་སྐྱོད་སྐབས་མའོ་ཙེ་ཏུང་ཐེངས་འགའ་ཞིག་ཐུག་འཕྲད་བྱས་པ་ཡིན། མ་འོས་སངས་རྒྱས་བཅོམ་ལྡན་འདས་སྤྱི་ཚོགས་གསར་བརྗེ་བ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར་ངོས་ལ་བརྗོད་བྱུང་། ངོས་རང་གི་བསམ་པར་སྐབས་དེ་གཅིག་པུ་མ་ཡིན་པར་རྒྱ་གར་གྱི་རིག་གཞུང་ནང་རིགས་རུས་དབྱེ་འབྱེད་བྱེད་པར་སངས་རྒྱས་བཅོས་ལྡན་འདས་ཀྱིས་མཐའ་གཅིག་ཏུ་དགག་པ་བསྐྱོན་སྟབས། མའོ་ཙེ་ཏུང་གིས་བཅོམ་ལྡན་འདས་སྤྱི་ཚོགས་གསར་བརྗེ་བ་ཞིག་ལ་ངོས་འཛིན་གནང་ཡོད།
སངས་རྒྱས་བཅོམ་ལྡན་འདས་ཕྱོགས་གཞན་ཞིག་ནས་བསམ་བློ་བ་དང་ཚན་རིག་པ་ཞིག་རེད། ཁོང་གིས་རྒྱུ་མཚན་དང་བརྟག་དཔྱད་གནང་བར་གལ་ཆེན་རྩི་བཞིན་འདུག བཅོམ་ལྡན་འདས་ཀྱིས་ཁོང་གི་རྗེས་འབྲང་པ་ཚང་མར་ཁོང་གི་གསུང་ལ་དད་པའི་ཐོག་ནས་མ་ཡིན་པར་བརྟག་དཔྱད་བྱེད་དགོས། ཞེས་གསུངས་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ནི་རྒྱ་གར་གྱི་གནའ་བོའི་ཚན་རིག་པ་ཞིག་ཡིན་པ་མ་ཟད། དེང་དུས་ཀྱི་ཚན་རིག་པ་མང་པོས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཚན་རིག་པ་ཞིག་ལ་ངོས་འཛིན་ཞུས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆུ་ཚོད་ ༩།༠༠ ཡས་མས་སུ་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ཀེ་ལོ་མི་ཊར་ ༧ གྱི་མཚམས་སུ་ཡོད་པའི་བ་ཀུ་ལ་བློ་བཟང་ཐུབ་བསྟན་ཆོས་ནོར་རིན་པོ་ཆེ་མཆོག་གི་དྲན་རྟེན་གླིང་གར་ཆིབས་སྒྱུར་བསྐྱངས་ཏེ་དྲན་རྟེན་སྐུ་བརྙན་ལ་རབ་གནས་དང་མི་མང་ལ་བཀའ་སློབ་ཕེབས་དོན། དེ་རིང་འདིར་ཞིང་གཤེགས་དམ་པ་བ་ཀུ་ལ་རིན་པོ་ཆེ་མཆོག་དྲན་གསོ་བྱེད་ཀྱི་ཡོད། ཁོང་ནི་ངོས་ཀྱི་གྲོགས་པོ་ཡག་ཤོས་དང་ངོས་རང་དགའ་མོས་ཡོད་མཁན་ཞིག་ཀྱང་ཡིན། ཁོང་གིས་ལོ་མང་བོད་ནང་སློབ་སྦྱོང་བྱས་མྱོང་ཡོད་སྟབས། ངོས་ཀྱིས་ཁོང་གི་དགེ་རྒན་ངོ་ཤེས་ཀྱི་ཡོད། སྐབས་འགར་ཁོང་ལ་དགེ་རྒན་གྱི་བཀའ་བཀྱོན་རག་མྱོང། ངོས་ལ་ཡང་ཡོངས་འཛིན་རྣམ་གཉིས་དང་དམིགས་བསལ་ཡོངས་འཛིན་རྒན་པའི་བཀའ་བཀྱོན་རག་མྱོང་ཡོད།
ཁོང་གིས་བོད་ནང་དགེ་བཤེས་རྒྱུགས་སྤྲོད་གནང་སྟེ། ཕྱིར་ལ་དྭགས་སུ་ཕེབས་རྗེས་སྲིད་བློན་ནེ་ཧ་རུ་མཆོག་ལ་འབྲེལ་ལམ་ཡག་པོ་འཛུགས་ཐུབ་པ་བྱུང་འདུག ངོས་ཀྱིས་ཁོང་ལ་དྭགས་དེང་རབས་ཅན་དུ་སྒྱུར་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ལ་དྭགས་མི་མང་གི་ཆེད་དུ་ཕྱག་ལས་བླ་མེད་གནང་བ་མ་ཟད། ལ་དྭགས་ནང་གི་དགོན་སྡེ་ཁག་ལ་རོགས་སྐྱོར་དང་ཞབས་འདེགས་བསྒྲུབས་ཡོད། ཁྱེད་ཚོས་སྐུ་བརྙན་བཞེངས་སྐྲུན་གྱིས་ཁོང་གི་མཛད་རྗེས་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད། ངོས་ཀྱིས་ཐག་རིང་ནས་སྐུ་བརྙན་ལ་ལྟ་དུས་རིན་པོ་ཆེ་མཆོག་གི་དབུ་འདྲ་པོ་འདུག འོན་ཀྱང་སྐུ་བརྙན་གྱི་མདུན་ནས་ལྟ་སྐབས་དབུ་དེ་ཙམ་འདྲ་པོ་མི་འདུག གང་ལྟར་ངོས་ཀྱིས་སྐུ་བརྙན་བཞེངས་སྐྲུན་གནང་མཁན་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་ཕེབས་འདུག
དེ་ནས་མགོན་པོ་གང་ཉིད་མཆོག་དཔེ་ཐུབ་དགོན་པར་ཆིབས་སྒྱུར་གྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་ཞིག་གསོ་ལེགས་འགྲུབ་ལ་རབ་གནས་སྩལ་གྲུབ་མཚམས་ལ་དྭགས་ཀླུ་འཁྱིལ་དགོན་པར་ཆིབས་ཞལ་བསྒྱུར། །