༢༠༡༤ ཟླ་ ༦ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་(Tibetan Entrepreneurship Development) ཞེས་བོད་མིའི་ཚོང་གཉེར་ལས་དོན་གོང་འཕེལ་སྡེ་ཚན་དང་། ལྷོ་སྤྱི་ལས་ཁུངས་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་མང་ཚོགས་དང་། མཐོ་རིམ་སློབ་མའི་ཁྲོད་ཉིན་གྲངས་བཞིའི་རིང་གི་ཚོང་གཉེར་ལས་དོན་སྐོར་གོ་རྟོགས་སྤེལ་རྒྱུའི་ལས་གཞི་ཞིག་འགོ་འཛུགས་གནང་འདུག
དེ་ཡང་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ཁུལ་དེར་རྟེན་གཞི་བྱས་པའི་བོད་མིའི་མཉམ་འབྲེལ་ཚོང་ལས་ཁང་གིས་གཙོས་སྒེར་བདག་ཚོང་ལས་གཉེར་མཁན་གྱི་བོད་མི། དེ་བཞིན་མཐོ་རིམ་གྱི་སློབ་ཕྲུག་དང་གཞིས་ཆགས་ཁག་གི་མང་ཚོགས་རྣམས་ལ་བོད་མིའི་སྤྱི་ཚོགས་ཁྲོད་ཚོང་གཉེར་གྱི་ལས་དོན་གོང་འཕེལ་དང་། བོད་མིའི་ཚོང་གི་ལས་དོན་སྲ་བརྟན་དང་རྒྱ་སྐྱེད། ལྷག་པར་མ་འོངས་པར་བོད་པའི་གཞོན་སྐྱེས་ཁྲོད་ཚོང་གཉེར་གྱི་ལས་དོན་ཆེད་རྒྱུས་མངའ་ཡོང་སླད་ཡིན་འདུག
ལས་གཞི་དེའི་ཆེད་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་སོགས་ཀྱིས་སྣེ་ཁྲིད་འོག་ ལས་གཞི་དེར་དམིགས་ནས་ཆེད་དུ་འབོད་པའི་ (Omidyar Network) རྒྱ་གར་ནང་གི་ཚོང་འབྲེལ་ལས་ཁང་གྲགས་ཅན་གྱི་ཆེད་ལས་པ་སྐུ་ཞབས་ (Mr Giambanco) ལགས་ཀྱིས་བོད་མིའི་ཚོང་དོན་དང་འབྲེལ་བའི་སྐོར་ལ་ལམ་སྟོན་དང་ཕན་ཚུན་སྦྱང་བཤད་གནང་རྒྱུ་ཡིན་འདུག
ལས་གཞིའི་དེར་མཉམ་ཞུགས་གནང་མཁན་རྒྱ་གར་ལྷོ་ཕྱོགས་ (BANGALORE) སྦེང་དུ་ཡོད་པའི་བོད་མིའི་མཉམ་འབྲེལ་གྱི་འབྲེལ་ཡོད་མི་སྣས་གཙོས་འབྲེལ་ཡོད་སློབ་ཕྲུག་དང་། དེ་བཞིན་བོད་མི་སྒེར་བདག་ཚོང་ལས་གཉེར་མཁན་དེ་དག་ཡིན་པ་མ་ཟད། ཁོང་རྣམས་ཐུག་འཕྲད་ཀྱིས་ཚོང་ལས་གཉེར་ཕྱོགས་སྐོར་གོ་བསྡུར་གནང་རྒྱུ་ཡིན་འདུག