༢༠༡༤ ཟླ་ ༦ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་ཁེ་ལས་ཚན་པ་ཞིག་གིས་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གོ་གཞུང་རུ་ཆེན་ས་གནས་སུ་ཉེ་བའི་ལོ་ངོ་ཁ་ཤས་ནང་རྡོ་སོལ་གྱི་གཏེར་ཁ་ཤུགས་ཆེན་སྔོག་འདོན་བྱས་པར་བརྟེན། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པ་མ་ཟད།
མི་དང་སྒོ་ཕྱུགས་སོགས་ལ་ཡང་གནོད་སྐྱོན་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་རེད་འདུག འདས་པའི་ལོ་ངོ་ ༨ ཙམ་རིང་རྡོ་སོལ་སྔོག་འདོན་གྱི་ལས་གཞིའི་འོག་སྙིགས་རོ་རྣམས་གང་སར་སྤུངས་སྟབས། ཨ་དགེ་སྐྱིད་ལུང་གི་རྩྭ་ཐང་ལ་ཉམས་རྒུད་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། གཏེར་ཁ་སྔོག་འདོན་བྱས་པའི་ལོ་དེ་དག་དང་།
ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་མི་དང་སེམས་ཅན་ལ་ན་ཚ་འདྲ་མིན་ཕོག་སྟེ། དུས་མིན་འཆི་བ་སོགས་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ལྷག་ཡོད། ན་གཞོན་རྣམས་ཀྱི་ཁྲག་ཤེད་མཐོ་པོར་གྱུར་ནས་ལོ་གཅིག་གི་ནང་ ཆ་སྙོམས་མི་གྲངས་ ༥ ནས་ ༡༠ བར་འདས་གྲོངས་སུ་གྱུར་བ་སྤྱི་དང་། ཡང་སྒོས་བྱིས་བ་རྣམས་སྐྱེས་མ་རན་གོང་ནས་སྐྱེ་བ་དང་ཤི་བ་སོགས་མདོར་ན། ཕྱིའི་ཁོར་ཡུག་དང་ནང་སེམས་ཅན་ལ་ཚད་ལས་འདས་པའི་གནོད་སྐྱོན་ཆེན་པོ་ཕོག་པས་གནས་སྟངས་ལ་མ་བཟོད་པར་ས་གནས་བོད་མི་དང་། དགོན་སྡེ་ཁག་ནས་མི་འདོད་པའི་ངོ་རྒོལ་རབ་དང་རིམ་པར་བྱས་པར་བརྟེན། ལས་གཞི་འདི་གནས་སྐབས་མཚམས་འཇོག་ཐུབ་པ་བྱུང་འདུག འོན་ཀྱང་དེང་སྐབས་བསྐྱར་དུ་རྫོང་རིམ་པའི་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཁག་གི་མི་སྣ་ཚོ་ཡང་ཡང་སྡོམ་པ་ཡུལ་ཤོག་གོ་གཞུང་རུ་ཆེན་ལ་ཡོང་སྟེ།
བོད་མི་ཚོར་ས་གནས་སུ་རྡོ་སོལ་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྡོ་སོལ་གཏེར་ཁ་མུ་མཐུད་སྔོག་འདོན་ཡོང་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ཤེས་བྱེད་བཞིན་པར་ས་གནས་བོད་མིའི་ཁྲོད་གླེང་སློང་དང་སེམས་འཚབ་ཆེན་པོ༕༕འི་ཁྲོད་རྩོད་རྙོག་འབྱུང་ཉེན་ཡོད་འདུག ས་གནས་བོད་མི་རྒན་རབས་པ་ཚོས་བརྗོད་པ་ལྟར་ན། ཁོང་ཚོའི་ས་གནས་སུ་མི་དང་སྒོ་ཕྱུགས་ལ་ན་ཚ་འདྲ་མིན་ཕོག་ནས་ཤི་བ་སོགས་སྔར་བྱུང་མ་མྱོང་བའི་གོད་ཆག་ཡོང་བཞིན་པ་ནི། ས་གནས་ནས་རྡོ་སོལ་དང་གཏེར་ཁ་སྔོག་འདོན་བྱས་པ་ལས་བྱུང་བ་ཡིན་པ་བཤད་ཡོད་འདུག
ཡུལ་ཤུལ་སྐྱེ་རྒུ་མདོ་ཁུལ་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གོ་གཞུང་རུ་ཆེན་ཕྱོགས་ཀྱི་བོད་མི་རྣམས་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྱེད་བཞིན་པ་དང་། ཕྱི་ལོ་ ༢༠༠༠ ལོ་ཙམ་ནས་ཁེ་ལས་ཚན་པ་འདྲ་མིན་བརྗེ་སྤོར་བྱས་ཏེ་ས་གནས་དེའི་རྡོ་སོལ་གཏེར་ཁ་སྔོག་འདོན་བྱས་ཡོད་འདུག