༢༠༡༤ ཟླ་ ༦ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཆོས་ཚོགས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་ས་གནས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ལ་དྭགས་ཀྱི་བྱང་ཕྱོགས་སུ་ཡོད་པའི་དཔའ་འདུམ་ (Padum) ཁུལ་དུ་༸ཞབས་སོར་བདེ་བར་འཁོད་སྐབས། མི་མང་གིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དབུ་འཛུགས་མ་མཛད་སྔོན་དེར་འདུས་སེར་སྐྱ་མི་མང་ ༦༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་ཚང་མར་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད། སྤྱིར་བཏང་མིའི་འགྲོ་སྟངས་ཀྱི་ཐོག་ནས་བཤད་ན་ང་རང་ཚོ་ཕན་ཚུན་ལོ་མང་རིང་ཐུག་སྟེ་ངོ་ཤེས་གྲོགས་པོ་ཆགས་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་འདིར་ཁྱེད་རང་ཚོ་ཕྱི་རྒྱལ་གྱི་མི་འགའ་ཤས་ཤིག་བསླེབས་འདུག ཁྱེད་རང་ཚོར་འདིར་ཚོར་བ་གསར་པ་ཞིག་ཡོད་ཀྱི་རེད། འདིར་མཐུན་རྐྱེན་ཡང་ཡག་པོ་མེད། ཁྱེད་རང་ཚོ་ནམ་རྒྱུན་རྒྱ་མཚོའི་མཐར་ཕྱིན་ཏེ་ཉི་མར་ལྡེས་ནས་མདོང་པ་ནག་པོ་བཟོ་རྒྱུར་དགའ་པོ་ཡོད་སྟབས་དེ་རིང་འདིར་ཡག་པོ་འདུག ཁ་སང་ལ་དྭགས་སླེ་ཡི་རིའི་སྒང་སྤྲིན་པ་གང་ཙམ་དམའ་པོ་ཡོད་པར་བརྟེན་སང་ཉིན་འགྲོ་ཐུབ་ས་མ་རེད་བསམས་བྱུང་། དེ་རིང་སྔ་དྲོ་དམག་སྒར་གྱི་མི་སྣས་གནམ་གཤིས་དེ་ཙམ་ཡག་པོ་མེད་པར་བརྟེན་ཕྲན་བུ་འཕར་འགྱངས་གནང་རོགས་བརྗོད་བྱུང་། དེ་ནས་གནམ་གཤིས་དྭངས་གསལ་དུ་ཕྱིན་ཏེ་ཆུ་ཚོད་ ༧།༣༠ ཙམ་ལ་ཐོན་པ་ཡིན། ད་ལྟ་བདེ་འབྱོར་ཐུབ་པ་བྱུང་སོང་། ངོས་རང་དེ་རིང་འདིར་ཡོང་སྟེ་ཁྱེད་རང་ཚོ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཆོས་ལུགས་རིས་མེད་(Secular ethics)དེ་ལོ་ངོ་སྟོང་ཕྲག་གསུམ་སྔོན་ནས་ཡོད་པ་ཞིག་ཡིན་པ་དང་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པའི་ཁོངས་ནས་མི་དུང་ཕྱུར་བཅུ་ལྷག་གིས་ཆོས་ལ་དད་པ་བྱེད་ཀྱི་མེད་ཀྱང་ཁོང་ཚོར་ཡང་དེ་ཁྱབ་ཐུབ་ཀྱི་རེད།
དེར་བརྟེན་ངོས་རང་མི་དུང་ཕྱུར་བདུན་ཅུ་ནང་གི་མི་གཅིག་ཡིན་བསམས་པ་དང་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ངོས་ཀྱིས་འདི་ལྟར་ཤོད་ཀྱི་ཡོད། ངོས་རང་དེར་ཡིད་ཆེས་ཡོད་ལ་འཛམ་གླིང་གང་སར་འདི་ཤོད་ཀྱི་ཡོད། ཁྱེད་རང་ཚོ་འདིར་ཆ་བཞག་ན་རིམ་པ་དང་པོ་མི་ཡིན་པའི་ཆ་ནས་བརྩེ་བ་དགོས་ཀྱི་ཡོད། དཔེར་ན། ང་ཚོས་སོ་སོའི་ཁྱིམ་གྱི་ཁྱི་དང་ཞི་མི། བ་ཕྱུགས་སོགས་ལ་བརྩེ་བ་བྱས་པ་དེ་ཆོས་ཀྱི་དད་པའི་ཐོག་ནས་བརྩེ་བ་བྱེད་ཀྱི་མེད།
དེ་བཞིན་ཁ་ཆེ་ཚོས་སོ་སོའི་ཁྱིམ་གྱི་དུད་འགྲོ་ཚོར་ཁོང་ཚོ་ཆོས་པ་ཡིན་པའི་ཆ་ནས་བརྩེ་བ་བྱེད་ཀྱི་མེད། ང་ཚོ་སངས་རྒྱས་པའི་ཆོས་པ་ཚོས་སོ་སོའི་ཁྱིམ་གྱི་སེམས་ཅན་ཚོ་ནང་པ་ཡིན་པའི་ཆ་ནས་བརྩེ་བ་བྱེད་ཀྱི་མེད། སེམས་ཅན་སྡུག་བསྔལ་མི་འདོད་མཁན་དང་བདེ་བ་འདོད་མཁན་ཞིག་ཡིན་པའི་ཆ་ནས་བྱམས་པོ་བྱེད་ཀྱི་ཡོད། དེར་བརྟེན་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་ཞེས་པ་དེ་དམིགས་བསལ་ཆོས་དང་འབྲེལ་བ་མེད། འཛམ་གླིང་ནང་གི་མི་དུང་ཕྱུར་བདུན་ཅུ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཚང་མ་གཅིག་མཚུངས་རེད། མི་དུང་ཕྱུར་བདུན་བཅུ་རྣམས་མི་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་བྱུང་ན་བརྩེ་བ་རང་བཞིན་གྱིས་ཁྱབ་ཐུབ་ཀྱི་རེད། དེར་བརྟེན་འདི་ཧ་ཅང་གལ་ཆེན་པོ་རེད། ཉེ་བའི་ཆར་མུམ་བྷེ་རུ་ནང་པ་དང་ཁ་ཆེ་འཁྲུག་པ་བརྒྱབ་པའི་གནས་ཚུལ་བྱུང་འདུག ཤྲི་ལངྐར་ཡང་ནང་པ་དང་ཁ་ཆེ་དབར་འཁྲུག་རྩོད་བྱུང་འདུག འདི་ལྟ་བུའི་དུས་ཚོད་ལ་ཆོས་ཀྱི་དཀོན་མཆོག་ལ་ཡིད་ཆེས་བྱས་པ་ཡིན་རུང་། རྒྱུ་དང་རྐྱེན་གྱི་དཀོན་མཆོག་ལ་ཡིད་ཆེས་བྱེད་ན་འདྲ། གང་ལྟར་སོ་སོའི་སེམས་དུལ་དགོས་རྒྱུ་དེ་ཕར་བཞག་ནས་ངའི་ཆོས་ཁོང་ཚོའི་ཆོས་ཞེས་པའི་ཐོག་ནས་འཁྲུག་པ་བརྒྱབ་སྟེ་གསོད་རེས་གཏོང་གི་འདུག
དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཆའི་ཆེད་གསོད་རེས་བྱས་ན་གནས་ཚུལ་ཐ་དད་རེད། ཆོས་ཀྱི་ཐོག་ནས་གསོད་རེ་བྱེད་རྒྱུ་དེ་ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོའི་འཛམ་གླིང་འདི་དུས་ཚོད་འདི་ལྟ་བུའི་སྒང་བསླེབས་སྐབས། ང་ཚོ་རྒྱ་གར་འཕགས་པའི་ཡུལ་ལ་ཡོད་པའི་ཆོས་པ་ཚང་མ་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེའི་ནང་ཚན་ནས་ལ་དྭགས་ཁུལ་ལ་ཁ་ཆེ་མང་པོ་ཡོད། དེ་བཞིན་ཡི་ཤུ་ཡང་ཕྲན་བུ་ཡོད། ཡུལ་སྤྱི་ནི་ནང་པའི་ཡུལ་ལྟ་བུ་ཆགས་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མས་འཛམ་གླིང་འདིའི་སྟེང་སྤྱིར་རྒྱ་གར་འཕགས་པའི་ཡུལ་གྱི་ཁྱད་ཆོས་དེ་དག་ལག་བསྟར་བྱེད་པའི་སྒོ་ནས་འཛམ་གླིང་ལ་མིག་དཔེ་སྟོན་མཁན་ཞིག་ཆགས་ཐུབ་པ་བྱེད་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད་ཡོད།
སྤྱིར་ཐེངས་འདིའི་༸གོང་ས་མཆོག་ཟངས་དཀར་ཁུལ་གྱི་ཆིབས་སྒྱུར་འདི་བཞིན་ཐེངས་བདུན་པ་ཡིན་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་མགོན་པོ་གང་ཉིད་མཆོག་ནས་ཁུལ་དེར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡང་སྩལ་མྱོང་ཡོད་འདུག།