༢༠༡༤ ཟླ་ ༦ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །འདི་གར་མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༡ ཉིན་བཏང་གནས་ནང་འཁོད་དོན།
བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པས་དབུས་བླ་སྤྲུལ་ཡོངས་ཀྱི་ཞབས་དྲུང་དུ།
གུས་འབངས་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐུན་མོང་ནས་སྒོ་གསུམ་གུས་པས་ཕྱག་བཅས་ཞུ་གསོལ་འདེབས་སྙིང་། ད་ལྟ་ང་ཚོའི་མི་རབས་འདི་བོད་ཀྱི་ལོ་རྒྱུས་ཐོག་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སྐབས་སུ་གནས་ཀྱང་། དོལ་རྒྱལ་ཚོགས་པས་དཀར་ནག་བཟང་ངན་ཕྱིན་ཅི་སློག་སྟེ་ཕྱི་རྒྱལ་ལུང་པ་སོགས་སུ་དགྲ་དགའ་གཉེན་སྡུག་གི་བྱ་བ་བྱེད་པ་ཕུད། ད་དུང་བོད་ནང་གི་བོད་མིར་དོལ་རྒྱལ་བསྟེན་གསོལ་ཐད་ཡུལ་མི་མགོ་སྐོར་བཏང་དང་གཏོང་མུས་དང་། ལྷག་པར་རྒྱ་ནག་གཞུང་དང་ཁ་ཕྱོགས་གཅིག་ཏུ་གྱུར་ནས་ཆབ་སྲིད་ཀྱི་བྲན་བཀོལ་ལག་ཆ་ཆགས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་རྒྱ་ཆེའི་བོད་རིགས་མི་མང་ཡོངས་ཀྱི་ཁ་གཏད་དུ་ལངས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༼ཏཱ་ལའི་བླ་མ་རྫུན་མ་ཤོད། ཆོས་དད་རང་དབང་སྤྲོད་དགོས།༽ ཟེར་རྒྱ་མིས་རྗོད་བཞིན་པའི་བརྗོད་ཚིག་དེ་དག་བེད་སྤྱོད་ཀྱིས་དོན་དངོས་མ་ཡིན་པའི་མཚན་སྨད་ཞུས་ཏེ། ངོ་རྒོལ་གྱི་ལས་འགུལ་བརྩམས་ནས་བོད་མི་རིགས་ཀྱི་ཆིག་སྒྲིལ་གྱི་གོང་བུར་གཏོར་བཤིག་གཏོང་ཐབས་བྱེད་བཞིན་པ་འདི་ལགས། སྐྱབས་མགོན་བླ་ཆེན་རྣམས་ནི་བོད་ཀྱི་ཡུལ་ལུང་སོ་སོའི་ཡུལ་མིས་རང་ཉིད་ཀྱི་ཚེ་འདི་དང་ཕྱི་མའི་སྐྱབས་དང་རེ་ས། སེམས་པའི་མགོན་སྐྱབས་བླ་ན་མེད་པར་བརྩིས་བས། ས་གནས་མི་མང་གི་ལས་དབང་ཁ་ཕྱོགས་ཁྲིད་སྟོན་གནང་བའི་ནུས་པ་ཡོད་སྟབས། ཁྱེད་རྣམས་ནས་རང་ཉིད་ཀྱི་གནས་བབས་ཀྱི་འོས་འགན་བླང་གནང་སྟེ། རང་རང་དང་འབྲེལ་བ་ཡོད་པའི་ཡུལ་ལུང་མི་མང་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་བརྟག་དཔྱད་ཞིབ་འཇུག་དང་ལུང་རིག་ཡང་དག དག་སྣང་ཚད་ཐུབ་སྒོ་དུ་མ་ནས་དོལ་རྒྱལ་བསྟེན་གསོལ་བྱས་ན་བོད་ཀྱི་བསྟན་སྲིད་ལ་ཕན་ལས་གནོད་ཆེ་བའི་དགེ་སྐྱོན་ལ་དགོངས་དཔྱད་གཟབ་ནན་གྱིས་སྤང་བླང་ཇི་དགེའི་སྐོར་བཀའ་སློབ་རབ་དང་རིམ་པ་ཕེབས་པའི་དགོས་དོན་གཙོ་བོ་ཇི་ཡིན་གསལ་འགྲེལ་དང་།
ལྷག་པར་ཆོས་འབྲེལ་སྐབས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རིགས་ལ་ཆོས་འབྲེལ་གནང་ན་འཐུས་མིན་དང་། ཕྱི་རྒྱལ་གྱི་མི་རིགས་ལའང་ཆོས་འབྲེལ་དང་མཛད་སྒོ་སོགས་འདུ་འཛོམས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་སྐབས། ཕྱི་མི་ནང་ཆོས་དོན་གཉེར་བ་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་སྙིང་པོ་དང་། དོལ་རྒྱལ་བསྟེན་གསོལ་བར་ལ་དབྱེ་བ་ཕྱེས་ཏེ་དོན་གཉེར་དགོས་པ་ལས། མགོ་འཚོས་ལ་མ་འཚོས་དོལ་རྒྱལ་ཚོགས་པའི་རྗེས་སུ་གཡང་མཆོངས་བརྒྱབ་སྟེ་ལས་ངན་གསོག་རྒྱུ་མེད་པའི་ལམ་སྟོན་བཀའ་སློབ་ཡང་ཡང་གནང་ཐུབ་ཚེ། དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཡས་གཞོགས་གཡོན་འདེགས་ཀྱི་ཐུགས་ཕན་གསོལ་རྒྱུ་དང་།
ལྷག་པར་ང་ཚོ་འཛམ་གླིང་འདིའི་ཐོག་༼ང་བོད་པ་ཡིན།༽ ཟེར་མགོ་བོ་བཏེགས་ནས་འགྲོ་རྒྱུ་བྱུང་བ་དང་། བོད་ཀྱི་ནང་ཆོས་ལ་འཛམ་གླིང་གིས་དོ་སྣང་གསར་པ་བྱེད་པའི་གནས་བབ་སོགས་ཇི་ལྟར་བྱུང་བ་གོ་བསྐོན་གསེད་བཀྲོལ་གྱི་བཀའ་སློབ་གནང་དགོས་པའི་དུས་ལ་སླེབས་འདུག་པས། ཁྱེད་རྣམས་ནས་རང་ཉིད་ཀྱི་མཚན་སྙན་གནས་བབ་ལ་བརྟེན་ནས་དགྲ་དགའ་གཉེན་སྡུག་གི་བྱ་ངན་དེ་རིགས་འབྱུང་འགྱུར་མི་ཡོང་བའི་ཆེད། རང་རང་ས་ཁུལ་མི་མང་ལའང་ཟབ་གསལ་བཀའ་སློབ་དུས་ནས་དུས་སུ་གནང་ཐབས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རིས་མེད་བླ་སྤྲུལ་རྣམས་དད་འདུན་གཡོ་བ་མེད་པར་བོད་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་རྩ་དོན་འཐབ་རྩོད་སོགས་ཀྱི་ཕྱོགས་ལ་ནུས་པ་མཉམ་སྤུངས་ཐུབ་པ་བྱུང་ཚེ། དེ་ནི་གཞིས་ལུས་བོད་མིའི་སྙིང་སྟོབས་ཀྱི་འབྱུང་རྩ་དང་རེ་བའི་ས་བོན་ཡང་རེད། ལྷག་པར་དོན་དངོས་ཇི་བཞིན་མ་རྟོགས་པ་རྣམས་ཀྱི་སྤང་བླང་ཚུལ་བཞིན་ཞུ་རྒྱུར་ཡང་ཕན་ཐོགས་ཅི་ཆེ་ཡོང་རྒྱུ་གདོན་མི་ཟ་བས། དེས་ན་བོད་མི་རིགས་ཀྱི་དམིགས་འདུན་བསྒྲུབ་རྒྱུའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་གོང་བུའི་ནུས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་ཐུབ་རྒྱུར་ཟོལ་མེད་ཀྱི་འགན་འཁྲི་ཅིས་ཀྱང་བཞེས་གནང་ཡོང་བ་མཁྱཻན། མཁྱེན། ཞེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བ་ལགས།། ཨ་རིའི་མི་ནི་སོ་ཊ་གནས་འཁོད་བོད་རིགས་སྤྱི་མཐུན་ཚོགས་པ་ནས
ཕྱི་ལོ་ ༢༠༡༤ ཟླ་བ་ ༦ ཚེས་ ༡༡ ཉིན།། གུས་ཕྱག་དང་བཅས་ཕུལ།།