༢༠༡༤ ཟླ་ ༦ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༧ ཉིན་གྱི་སྔ་དྲོ་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཡོད་པའི་བ་ཀུ་ལ་ (Kushok Bakula Rinpoche Terminal )གནམ་ཐང་དུ་༸ཞབས་སོར་སྐབས། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་གཙོས་ལ་དྭགས་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་དང་། བརྩེ་སྤྲུལ་རིན་པོ་ཆེ་མཆོག མངའ་སྡེའི་བློན་ཆེན་རིག་འཛིན་འཇོ་རྭ་ལགས། ས་གནས་ཀྱི་གནད་ཡོད་མི་སྣ། དེ་བཞིན་ལ་དྭགས་ནང་པའི་ཆོས་ཚོགས་དང་། ལ་དྭགས་རིག་གཞུང་ཡར་རྒྱས་ཚོགས་པའི་ཚོགས་གཙོ། ལ་སྤྱི། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་དབུས་ཚོགས་མི་རྣམ་པ། དེ་བཞིན་ས་གནས་ཀྱི་མཁན་བླ་སྤྲུལ་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ནས་མགོན་པོ་གང་ཉིད་མཆོག་ཆིབས་འགྲོའི་ཐོག་ཞི་བའི་ཚལ་གྱི་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་སྐབས་ལམ་གཡས་གཡོན་དུ་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་མེ་ཏོག་སོགས་སྣ་ཚོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག
ཞི་བའི་ཚལ་ཕོ་བྲང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ལ་དྭགས་ཁུལ་གྱི་ཆོས་གྲོགས་ཡོངས་ལ་འཚམས་འདྲི་ཡོད། གཙོ་ཆེ་ཤོས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་འདི་གར་སྐུ་དཀྱིལ་གསལ་དྭངས་ཐོག་བཞུགས་ཡོད་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་བཞིན་རིས་སུ་མ་ཆད་པའི་བླ་སྤྲུལ་རྣམ་པ་དང་། མཁན་པོ། དགེ་བཤེས་བཅས་ལ་འཚམས་འདྲི་ཡོད། ད་རེས་དུས་འཁོར་དབང་ཆེན་ཆེད་འདིར་བཅར་བ་ཡིན། ལ་དྭགས་ཁུལ་གྱི་སེར་སྐྱ་མི་དམངས་དང་ངོ་ཤེས་པ་ཆགས་ནས་ལོ་མང་པོ་ཕྱིན་ཡོད། ངོས་རང་ལ་དྭགས་སུ་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཡོང་བ་ནས་བཟུང་ད་བར་ཐེངས་མང་པོ་བསླེབས་ཡོད། ང་རང་ཚོ་ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པར་ཧ་ཅང་ཡག་པོ་ཡིན། ད་རེས་སླར་ཡང་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
འདི་གར་ཁང་པ་གསར་པ་མང་པོ་རྒྱག་གི་འདུག གྲོང་ཁྱེར་རྒྱ་སྐྱེད་གཏོང་གི་ཡོད་པ་འདྲ་པོ་འདུག སྔོན་མ་ང་ཚོ་ཐོག་མར་འབྱོར་བའི་སྐབས་སུ་ཆུང་ཆུང་རེད། ད་ཆ་ཧ་ཅང་རྒྱ་སྐྱེད་བྱུང་འདུག སློབ་གྲྭའི་ཕྲུ་གུ་ཧ་ཅང་མང་པོ་འདུག ཁ་ཆེ་དང་ཡུལ་པ་ཚོའི་སློབ་ཕྲུག་འབོར་ཆེན་འདུག དུས་རབས་ ༢༡ པའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་དགོས་བྱུང་ན། སྤྱིར་བཏང་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད་འདུག
སྤྱིར་བཏང་གི་ཤེས་ཡོན་ཆ་ཚང་ཡོད་པ་གང་ཞིག་ལ་འཛམ་གླིང་གི་གནས་ཚུལ་གང་ཡིན་ནའང་ཤེས་པར་བྱེད་རྒྱུ་གལ་ཆེན་པོ་ཡིན། ངོས་ཀྱིས་་དུས་རྒྱུན་དུ་རྩེད་མོ་དང་སྦྲགས་འདི་ལྟར་ཤོད་ཀྱི་ཡོད། རི་རབ་མེད་པ་དང་། འཛམ་གླིང་ལེབ་ལེབ་མིན་པ། ཉི་མ་དང་ཟླ་བ་ཆེ་ཆུང་ཧ་ཆང་ཡོད་པ་མ་ཟད། བར་ཐག་རིང་པོ་་ཡོད་པ་དེ་དག་ཤེས་པའི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེན་གཉིས་དང་བདེན་བཞི་སོགས་དེང་སང་ཚན་རིག་པའི་ཐོག་ནས་ར་འཕྲོད་པའི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཆགས་ཡོད། དེ་ལྟ་བུའི་སངས་རྒྱས་པའི་ཆོས་དེ་ཤེས་ནས་དད་པ་ཐོབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞན་དེ་སྔ་ང་རང་ཚོས་སྐྱབས་སུ་མཆི་དང་། ལ་དྭགས་པ་ཚོས་ཕྱག་འཚལ་ལོ། བརྗོད་རྒྱུ་དེ་སྤྱིར་ཡག་པོ་རེད།
མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྲ་བརྟན་གོང་འཕེལ་ཡག་པོ་ཡོང་རྒྱུར་མང་ཚོགས་ཁྲོད་ནས་ནང་ཆོས་ཤེས་པར་བྱེད་དགོས་སྤྱི་དང་། ལྷག་པར་སློབ་ཕྲུག་ཚོའི་ནང་ནས་སངས་རྒྱས་པའི་ཆོས་གང་འདྲ་ཡིན་པ་དེ་ཤེས་པ་བྱེད་དགོས། དེ་ལྟ་བུའི་ཐོག་ནས་མང་ཚོགས་ཀྱི་ནང་ནས་སངས་རྒྱས་ཀྱི་ཆོས་གོ་རྟོགས་ཐུབ་པའི་སྒོ་ནས་ཆོས་དད་བྱུང་ན་བསྟན་པ་མུ་མཐུད་གནས་ཀྱི་རེད། གཞན་མང་ཚོགས་ཀྱི་ཤེས་ཚད་གང་ཡང་མེད་པའི་ཐོག་ནས་ཕྱག་འཚལ་ལོ་བརྗོད་དེ་ཕྱིན་ན་དགོན་པ་སྤུས་དག་ཡོད་ནའང་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་རེད། བོད་མི་བཙན་བྱོལ་བར་ཆ་བཞག་ན་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཁྲོད་གྲྭ་སའི་ནང་ཞུགས་ནས་དཔེ་ཆ་ལྟ་མཁན་ཧ་ཅང་ཉུང་ཉུང་རེད།
བོད་མིའི་གཞིས་ཆགས་ཁག་གི་ནང་ཡོད་པའི་གདན་ས་ཁག་ལ་ཆ་བཞག་ན། རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་དུས་ཚོད་ཁག་པོ་ཡོད་པའི་སྐབས་བོད་ནས་གྲྭ་རྒྱུན་ཡོང་རྒྱུ་མེད་པ་དང་། སྦག་སར་ཡོད་པའི་དགེ་འདུན་པ་བགྲེས་པ་རྣམས་རིམ་པས་གཅིག་རྫོགས་གཉིས་རྫོགས་ཕྱིན་པའི་སྐབས། སློབ་གཉེར་གྱི་རྐང་བཟུང་མཁན་དེ་ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང། ལྷག་པར་ཁྱེད་རང་ཚོ་ལ་དྭགས་དང་ཟངས་དཀར་བ་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།
ཁ་སྔོན་ངོས་རང་མུམ་བྷེའི་ལ་ཡོད་སྐབས་སྔོན་མ་ནས་ངོ་ཤེས་པའི་ཨ་ཅ་ལགས་སྨན་སྐོར་མཁས་པ་ཡིན་པ་ཞིག་ཐུག་རྒྱུ་བྱུང་། ཁོ་མོས་མགོ་སྟོད་ལ་དགེ་བཤེས་དེ་འདྲ་དང་འབྲེལ་བ་བྱུང་སྟེ་ལམ་རིམ་ཉན་པས་ཉོབ་བྱུང་ཟེར། དེ་རྗེས་དབུ་མ་འཇུག་པ་ཁྲིད་པས་དངོས་འབྲེལ་སྤྲོ་བ་ཧ་ཅང་སྐྱེས་བྱུང་བརྗོད་ཀྱི་འདུག དེར་བརྟེན་ང་ཚོ་དུས་རབས་ ༢༡ པའི་ཆོས་པ་འདི་དཔེར་ན། དགེ་ལུགས་ལ་ཆ་བཞག་ན། བཀའ་གདམས་གསར་མ་ཟེར་གྱི་ཡོད། བཀའ་གདམས་ནང་ལ་བཀའ་གདམས་གཞུང་པ་བ། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་བཅས་ཡོད། ཁ་སྔོན་རྒྱ་གར་ལྷོ་ཕྱོགས་ལའང་བཀའ་མོལ་བྱུང་། གང་ལྟར་བཀའ་གདམས་གཞུང་པ་བའི་ཁྲིད་སྟངས་ལྟར་འགྲོ་དགོས། འདི་མངོན་རྟོགས་རྒྱན་ནང་གསུངས་པ་འདི་རེད། ཕྱོགས་གཅིག་ནས་རྣམ་མཁྱེན་མཚོན་ཆེད་ཆོས་བཅུ་ཞེས་གསུང་སྐབས།
སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། ཞེས་གསུངས་པ་དེར་བསམ་བློ་གཏོང་རྒྱུ་དང་། བྱེ་བྲག་ཏུ་མར་ཁྲིད་ཡོང་སྐབས་གདམས་ངག་འདི། །སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། ཞེས་སོགས་གསུངས་པ་ལྟར།
གདམས་ངག་ཐོག་ལམ་གྱི་ངོ་བོ་སེམས་བསྐྱེད་བཤད་པ། སེམས་བསྐྱེད་ཀྱི་དག་ཐབས་གདམས་ངག་བཤད་པ་ཞེས་གསུངས་པ་འདི་བཀའ་གདམས་པ་གཞུང་པ་བའི་ཁྲིད་ནང་གདམས་ངག་གི་རིམ་པ་དེ་ཕལ་ཆེར་ཡིན་འདུག གཞུང་ཆེན་གྱི་བཤད་པ་ཡོད་པར་བྱས་ཏེ་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་དགོས།
དེར་བརྟེན་སློབ་གྲྭ་ཁག་དེ་དག་གལ་ཆེན་པོ་ཧ་ཅང་མཐོང་གི་འདུག ཡ་རབས་སྤྱོད་བཟང་སློབ་སྦྱོང་བྱ་རྒྱུའི་ཀློག་དེབ་ནང་དུ་སེམས་ཁམས་རིག་པའི་སྐོར་འགྲེལ་བཤད་མདོར་བསྡུས་ཡོད་པ་དེ་འདྲ་བཟོ་ཡི་ཡོད། རིམ་པས་འཐོན་སོང་ན་ལ་དྭགས་ཁུལ་གྱི་སློབ་གྲྭ་གཅིག་གཉིས་ལ་འགོ་བཙུགས་ཏེ་ཚོད་ལྟ་བྱས་ན། ཁ་ཆེའི་སློབ་གྲྭ་ཁག་གི་ནང་འདི་བསླབ་ཐུབ་ཀྱི་རེད་ཅེས་ངོས་ཀྱི་ཁ་ཆེ་ཆོས་གྲོགས་ཚོར་བརྗོད་པ་ཡིན། འདི་ཆོས་དང་འབྲེལ་བ་གང་ཡང་མེད། གང་ལྟར་སེམས་ཁམས་རིག་པའི་སྐོར་ཤོད་ཀྱི་ཡོད། ཡ་རབས་སྤྱོད་བཟང་བརྗོད་རྒྱུ་དེ། དཔེར་ན། ཨཱ་ལཱ་ལ་སྐྱབས་སུ་འགྲོ་མཁན་གཅིག་ཡིན་ནའང་ཡ་རབས་དགོས། ཁ་ཆེའི་ཆོས་པ་དངོས་གནས་ཤིག་ཡིན་ན་མི་གསོད་ཁྲག་སྦྱོར་ཡོང་གི་མེད། ཁ་ཆེའི་ཆོས་པ་ཞིག་གིས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་ན། དོན་གྱི་ཁ་ཆེ་ཆོས་ལུགས་ཉམས་ལེན་བྱེད་མཁན་ཆགས་མེད། ཁ་ཆེའི་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་བརྩེ་བ་དེ་ཨཱ་ལཱས་བཀོད་པའི་འགྲོ་བ་མི་ཚང་མར་བརྩེ་བ་འདི་ཁྱབ་པ་དགོས་ཀྱི་རེད། ཅེས་སྔོན་མ་ངོས་རང་ཊུར་ཏུག་ (Turtuk) ཏུ་ཕྱིན་པའི་སྐབས་སུ་ཁ་ཆེའི་བླ་མ་ཞིག་གི་འདི་ལྟར་བཤད་བྱུང་། རྒྱུ་མཚན་མི་འདྲ་བ་ཤོད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཤོད་ཀྱི་ཡོད་ཀྱང་ལག་ལེན་ངོ་མ་དེ་ཚང་མར་བརྩེ་བ་དགོས་བརྗོད་ན་འགྲིག་གི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།