༢༠༡༠ ཟླ་ ༨ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༢ རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་
མཆོག་གིས་མ་ནཱ་ལི་རྙིང་མའི་དགོན་དུ་རྒྱ་གར་གཙོ་བོར་གྱུར་བའི་གསར་འགོད་པ་རྣམས་དང་མཇལ་འཕྲད་མཛད་དེ་ཁོང་རྣམ་པའི་དྲི་བར་བཀའ་ལན་སྩལ་དོན། ངོས་རང་ཉིན་ཤས་རིང་ས་ཁུལ་འདྲ་མིན་ནང་དད་ལྡན་མང་ཚོགས་མང་པོ་ཐུག་འཕྲད་བྱུང་བ་མ་ཟད། ནང་ཆོས་ཞེས་པ་དེ་གང་ཡིན་མིན་འགྲེལ་བརྗོད་བྱེད་རྒྱུའི་གོ་སྐབས་ཐོབ་བྱུང། དེ་ནི་ངོས་ཀྱིས་གལ་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། ནང་པའི་ཆོས་ཀྱི་གནད་དོན་སྐོར་མི་ཤེས་པར་ནང་པ་ཡིན་བརྗོད་མཁན་དེ་འདྲ་མང་པོ་འདུག
དུས་རབས་ ༢༠ འགོ་སྟོད་ནས་དུས་རབས་ ༢༠ བར་དཀྱིལ་ཙམ་གྱི་བར་དུ་ང་ཚོའི་རྒྱལ་ཁབ་དང་ཁྱོད་ཚོའི་རྒྱལ་ཁབ་ཅེས་པའི་ལྟ་ཚུལ་ཤུགས་ཆེ་བྱུང་བ་དེས་མཐར་འཚེ་བ་དང་དམག་འཁྲུག་གི་གཞི་རྩ་ཞིག་ཏུ་གྱུར་ཡོད། འོན་ཀྱང་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ལམ་ལུགས་དང་ཁོར་ཡུག་གི་གནད་དོན་ལ་ཐུག་གི་ཡོད་པར་བརྟེན་ང་ཚོ་དང་ཁྱེད་ཚོ་ཞེས་ས་མཚམས་བཟུང་རྒྱུའི་ལྟ་ཚུལ་དེ་དུས་རབས་ ༢༠ མཇུག་ཏུ་ཤུགས་ཆུང་དུ་ཕྱིན་ཡོད། ནུབ་ཕྱོགས་ཀྱི་དཔལ་འབྱོར་དེ་ཤར་ཕྱོགས་རྒྱལ་ཁབ་ལ་བརྟེན་ཡོད། ཤར་ཕྱོགས་པ་ཚོར་འཕྲུལ་ཆས་དགོས་མཁོ་ཆེ་བས་ནུབ་ཕྱོགས་ལ་བརྟེན་དགོས། དེར་བརྟེན་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་དང་ཁོར་ཡུག་གྱི་གནས་སྟངས་དེས་ང་ཚོ་ཞེས་ཚང་མ་གཅིག་གྱུར་གྱི་བསམ་ཚུལ་དེ་བསླེབས་ཡོད། དུས་རབས་ ༢༠ མཇུག་ཏུ་མི་རྣམས་ཀྱི་བསམ་བློ་གཏོང་ཕྱོགས་སྔར་བས་ཇེ་བཟང་དུ་ཕྱིན་ཡོད། འཚེ་བའི་རྗེས་སུ་འགྲོ་མཁན་ཉུང་ཤས་ཙམ་ཡོད་པ་དེ་ལོ་ངོ་སྟོང་ཕྲག་རིང་ནས་ཡོད་པ་ཞིག་དང་མ་འོངས་པར་ཡང་གནས་རྒྱུ་རེད། འོན་ཀྱང་ཕྱོགས་ཡོངས་ནས་ལྟ་སྐབས་མི་རེ་ཟུང་མ་གཏོགས་མང་ཆེ་བ་ད་ཆ་འཚེ་བར་ཞེན་པ་ལོག་ཡོད། དུས་རབས་ ༢༠ པའི་འགོ་སྟོད་དང་དུས་རབས་ ༢༠ པའི་མཇུག་གི་གནས་སྟངས་གཉིས་དབར་ཁྱད་པར་ཆེན་པོ་ཡོད། དེ་བཞིན་སྔ་མོ་ཡིན་ན་མི་ཚོས་ཚན་རིག་དང་ཆོས་ཟེར་དུས་ཕན་ཚུན་འབྲེལ་མེད་དོན་གཞན་གྱི་ཐ་དད་ཡིན་པའི་ཚོར་སྣང་ཡོད། འོན་ཀྱང་དུས་རབས་ ༢༠ མཇུག་ཏུ་ཚན་རིག་པ་ཚོས་ཀོན་ཊམ་རྣམ་གཞག (Quantum physics) སྐོར་གནས་ཚུལ་གསར་རྙེད་མང་པོ་བྱུང་རྗེས་དེང་དུས་ཚན་རིག་གྲགས་ཅན་རྩེ་ཕུད་དེ་འདྲས་ད་ཆ་མིའི་བསམ་བློ་དང་ཚོར་ཤེས་རྟོག་ཞིབ་བྱེད་རྒྱུ་ཇེ་མང་འགྲོ་བཞིན་ཡོད། དཔེར་ན་ངོས་ཀྱི་གྲོགས་པོ་སྙན་གྲགས་ཅན་གྱི་ཚན་རིག་པ་མང་པོས་ངོས་ཀྱིས་འགྲེལ་བརྗོད་བྱས་པ་དེ་རྣམས་ནང་ཆོས་ཀྱི་ཚན་རིག་ཡིན་པ་ལས་ཆོས་མ་རེད་ཅེས་དེ་འདྲ་བརྗོད་ཀྱི་འདུག དེར་བརྟེན་ཚན་རིག་དང་ཆོས་གཉིས་འབྲེལ་ལམ་ཉེ་རུ་ཉེ་རུ་འགྲོ་བཞིན་ཡོད། ད་ཆ་དུས་རབས་ ༢༡ བསླེབས་ཡོད། དུས་རབས་ ༢༡ འགོ་སྟོད་ནང་རྙོག་གྲ་ཕྲན་བུ་བྱུང་ཡོད། འོན་ཀྱང་ཕྱོགས་ཡོངས་ནས་བལྟས་ན་དུས་རབས་ ༢༠ མཇུག་ཏུ་དར་བའི་ལྟ་གྲུབ་ཀྱི་རྣམ་གཞག་མང་པོ་ཞིག་དུས་རབས་འདིའི་ནང་ལག་བསྟར་རྒྱུན་འཁྱོངས་བྱེད་བཞིན་པར་བརྟེན་ངོས་རང་ལ་ཆ་མཚོན་ན་དུས་རབས་ ༢༡ དེ་སྔར་བས་ཞི་བདེ་ལྡན་པ་ཞིག་ཡོང་རྒྱུར་ཐེ་ཚོམ་མེད་ཅེས་བཀའ་སྩལ། སྐབས་དེར་རྒྱ་གར་གྱི་གསར་འགོད་པ་ཞིག་ནས་འཛམ་གླིང་ནང་ཞི་བདེ་སྐྲུན་རྒྱུར་རྒྱ་གར་གྱིས་ཆ་ཤས་གལ་ཆེ་ཞིག་ལེན་ཐུབ་བམ་ཞེས་བཀའ་འདྲི༝་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་དེར། ཐེ་ཚོམ་མེད། ཅེས་བཀའ་སྩལ་བ་མ་ཟད། རྒྱ་གར་ལ་རང་བཙན་ཐོབ་སྟེ་ད་བར་ལོ་ངོ་བདུན་ཅུ་ཙམ་ཕྱིན་ཡོད་ཀྱང་མིའི་འཚོ་བའི་གནས་སྟངས་དེར་འགྱུར་བ་ཤུགས་ཆེ་དེ་ཙམ་མེད་པར་གནས་ཡོད། རྒྱ་གར་མི་གྲངས་ས་ཡ་མང་པོ་ཡོད་པ་ཚོའི་ནང་ཤེས་ཡོན་མེད་པ་མང་པོ་ཞིག་ཡོད་ཀྱང་མང་གཙོའི་བསམ་བློ་དེ་རྒྱ་གར་མི་མང་ཚོར་གཏིང་ཚུགས་པ་ཞིག་ཡོད། ངོས་རང་ལ་ཆ་མཚོན་ན་གནད་དོན་གཉིས་ཀྱི་ཐོག་ནས་རྒྱ་གར་གྱི་བང་ཆེན་ལྟ་བུ་ཞིག་ཡིན་བསམ་བཞིན་ཡོད། གནད་དོན་དང་པོ་དེ་ལོ་ངོ་སྟོང་ཕྲག་གཉིས་གསུམ་གོང་ནས་ཡོད་པའི་འཚེ་བ་མེད་པའི་ལྟ་གྲུབ་དེ་དུས་ད་ལྟའང་རྒྱ་གར་གྱི་ལྟ་གྲུབ་གལ་ཆེ་ཞིག་ཆགས་ཡོད། གནད་དོན་གཉིས་པ་དེ་ཆོས་ལུགས་མཐུན་སྒྲིལ་རེད། རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཡོད། ལོ་ངོ་སྟོང་ཕྲག་རིང་ནས་བྱུང་བའི་ཧིན་ཌུ་དང་ནང་ཆོས། དེ་བཞིན་གཅེར་བུ་བ་དང་ཕྱིས་སུ་སིག་གི་ཆོས་ལུགས་དེ་རྣམས་རྒྱ་གར་རང་གི་ནང་བྱུང་བ་རེད། ཕྱི་ནས་ཡོང་བའི་པར་སི་དང་ཡེ་ཤུ། ཁ་ཆེ་དང་ཇིའུ་ཆོས་ལུགས་བཅས་ཡོད་པ་ཚང་མ་རྒྱ་གར་ནང་མཉམ་དུ་གནས་ཡོད། ལྟ་གྲུབ་ཀྱི་རྣམ་གཞག་ཐོག་ནས་ཆོས་ལུགས་དེ་དག་དབར་ལྟ་ཚུལ་དང་བསམ་ཚུལ་མི་མཐུན་པ་ཡོད་པ་ཙམ་མ་ཟད་གྲུབ་མཐའ་ཕན་ཚུན་རྩོད་པ་བྱེད་ཀྱི་ཡོད། དཔེར་ན། ནང་པ་དང་ཧིན་ཌུའི་ཆོས་ལུགས་དབར་ལྟ་གྲུབ་ཀྱི་ཐོག་ལ་རྩོད་བཞིན་ཡོད་ནའང་གཞི་རྩ་ཕན་ཚུན་མཐུན་ལམ་ཧ་ཅང་བཟང་པོ་ཡོད། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་དེ་རྒྱ་གར་རིག་གཞུང་གི་ཆ་ཤས་ཤིག་ཡིན་པས་ངོས་རང་གང་དུ་བསྐྱོད་ཀྱང་བསླབ་བྱ་དེ་གཉིས་གསལ་བཤད་བྱེད་ཀྱི་ཡོད། གནད་དོན་དེ་གཉིས་པོ་དེང་སང་འཛམ་གླིང་ནང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད་ཅེས་སོགས་བཀའ་སྩལ།།