༢༠༡༤ ཟླ་ ༦ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་བ་ ༦ ཚེས་ ༡༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༦ ཚེས་ ༤ ནི་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སློབ་ཕྲུག་གིས་མང་གཙོའི་ལས་འགུལ་སྤེལ་ནས་མི་ལོ་ ༢༥ འཁོར་བའི་དྲན་གསོའི་ཉིན་མོ་ཞིག་ཡིན་སྟབས། ཕྱི་ཟླ་ ༦ ཚེས་ ༤ སྔ་ནུབ་ཏུ་རྒྱ་རིགས་ཡོད་སའི་རང་དབང་ཡུལ་གྲུ་ཚང་མར་རྣམ་པ་མི་འདྲ་བའི་དྲན་གསོའི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པ་བཞིན་ཨ་རིའི་མངའ་སྡེ་ཚང་མའི་ནང་དུ་ཡང་དྲན་གསོའི་ལས་འགུལ་སྤེལ་ཡོད། སྐབས་དེར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་། རྒྱལ་ས་ཝ་ཤིང་ཊོན་དུ་གནས་འཁོད་བོད་རིགས་ཁག་གཅིག་གདན་ཞུས་ལྟར་ཝ་ཤིང་ཊོན་དང་། ནིའུ་ཡོཀ་ཏུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ ༢༥ འཁོར་བའི་དྲན་གསོའི་ལས་འགུལ་ནང་མཉམ་ཞུགས་གནང་བ་དེར་རྒྱ་རིགས་ཚོས་དགའ་སྣང་གི་རྣམ་འགྱུར་བསྟན་ཡོད།
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཐུང་མོང་ནས་ཕྱི་ཟླ་ ༦ ཚེས་ ༡ ཉིན་གྱི་དགོང་དྲོ་ཨ་རིའི་གྲོས་ཚོགས་ཁང་ཆེན་ཉེ་འདབས་ཐང་སྟེང་དུ་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་བྱེད་པའི་མར་མེའི་འདུ་འཛོམས་བྱས་པར། གོ་སྒྲིག་བྱེད་མཁན་ཚོས་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ལ་འབྲེལ་བ་བྱས་ཏེ་མར་མེའི་འདུ་འཛོམས་སྐབས་བོད་མིའི་ངོས་ནས་སྨོན་ལམ་ཞིག་འདོན་རྒྱུའི་རེ་སྐུལ་གནང་བ་ལྟར། ཝ་ཤིང་ཊོན་ཉེ་འདབས་སུ་གནས་བཞུགས་སེར་བྱེས་དགེ་བཤེས་རིག་རྒྱ་ལགས་དང་། སྤྱི་ཟུར་པད་མ་བདེ་ཆེན་ལགས། སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སོགས་བོད་མི་ཁག་གཅིག་གིས་མར་མེའི་འདུ་འཛོམས་ཐོག བོད་བརྒྱུད་ནང་བསྟན་གྱི་ལུགས་ནས་ཤེར་སྙིང་འདོན་པ་དང་། སྨོན་ལམ་གསུང་སྟེ། དྲུག་བཞིའི་དོན་རྐྱེན་ནང་འདས་གྲོངས་སུ་གྱུར་བའི་རྒྱ་རིགས་སློབ་ཕྲུག་དང་། ཁོང་ཚོའི་ཤུལ་ལུས་ནང་མི་རྣམས་ལ་བོད་མིའི་ངོས་ནས་གདུང་སེམས་མཉམ་སྐྱེ་མཚོན་པར་གནང་ཡོད། དེ་མིན་ད་དུང་ཡི་ཤུའི་ཆོས་པ་ཚོས་སྨོན་ལམ་གསུང་པ་དང་། སྙན་ངག་པས་སྙན་ངག་སྐྱོར་བ། ལས་འགུལ་བས་གཏམ་བཤད་སྤེལ་བ། གཞས་པ་གཞས་མས་གཞས་བཏང་བ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ཧྲིལ་པོ་ ༢༥ འཁོར་བར་དྲན་གསོ་གནང་ཡོད་ཅིང་། མར་མེའི་འདུ་འཛོམས་དེར་ཝ་ཤིང་ཊོན་དང་། ནིའུ་ཡོཀ མ་རི་ལན་ཌ་སོགས་ས་གནས་ནས་ཕེབས་པའི་རྒྱ་རིགས་ ༡༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད།
གྱ་དགུ་ལོའི་དྲུག་བཞིའི་ལས་འགུལ་སྐབས་སློབ་ཕྲུག་གི་འགོ་ཁྲིད་ཡིན་པ་ཝན་ཏན་གྱིས་ཕྱི་ཟླ་ ༦ ཚེས་ ༢ ཉིན་གྱི་སྔ་དྲོ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་སྐོར་གསར་འགོད་བསྒྲགས་གཏམ་གྱི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བར། གདན་ཞུས་ལྟར་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཞིག་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་དཔོན་རིགས་ཤིག དྲུག་བཞིའི་ལས་འགུལ་ནང་དངོས་སུ་ཞུགས་མྱོང་ཞིང་། དེང་སང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་གཙོ་ཝང་ཅུན་ཐའོ་བཅས་ནས་གསར་འགོད་བསྒྲགས་གཏམ་ཐོག་གཏམ་བཤད་སྤེལ་ཡོད་པ་དང་། གསར་འགོད་བསྒྲགས་གཏམ་གྱི་ཚོགས་འདུ་དེ་ཝང་ཏན་གྱིས་གཙོ་སྐྱོང་གནང་ཡོད། ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱང་གསར་འགོད་བསྒྲགས་གཏམ་གྱི་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་ཡོད།
ཁོང་གི་གསུང་བཤད་ཀྱི་ནང་དོན་ནི། དྲུག་བཞིའི་ལས་འགུལ་ལ་རྒྱ་ནག་མི་དམངས་བཅིང་བཀྲོལ་དམག་གིས་དྲག་གནོན་བྱས་པའི་གནས་ཚུལ་བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་མ་ཐག བོད་མི་རྣམས་ཧང་སངས་ནས་བློ་ཕམ་ཆེན་པོ་བྱུང་ཡོད་པའི་སྐོར་དང་། ཕྱི་ལོ་ ༡༩༨༩ ལོར་དྲུག་བཞིའི་སློབ་ཕྲུག་གི་ལས་འགུལ་ལ་མ་བྱུང་གོང་གི་ལོ་གཅིག་སྟེ། ཕྱི་ལོ་ ༡༩༨༨ ལོའི་ཕྱི་ཟླ་ ༡༢ ནང་བོད་ཀྱི་རྒྱལ་ས་ལྷ་སར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གི་ལས་འགུལ་བྱུང་ཡོད་པའི་སྐོར། ༸གོང་ས་མཆོག་ནས་རྒྱ་ནག་འདི་བཞིན་འཛམ་གླིང་ཀུན་གྱིས་བརྩི་བཀུར་ཐོབ་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུར་ག་དུས་ཡིན་རུང་ཐུགས་རེ་མཛད་པ་དང་ཆབས་ཅིག དེའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ནི་མང་གཙོ་དང་། ཁྲིམས་ལུགས་དབང་འཛིན། ཕྱི་གསལ་ནང་གསལ་གསུམ་གལ་ཆེན་པོ་ཡིན་ཅེས་བཀའ་སློབ་ཕེབས་ཡོད་པ་དེ་ནི། ངའི་བསམ་པར་གྱ་དགུ་ལོའི་དྲུག་བཞིའི་སྐབས་ཀྱི་སློབ་ཕྲུག་གི་དགོས་འདུན་དང་གཅིག་པ་ཡིན་པའི་སྐོར། མང་གཙོ་དོན་གཉེར་བའི་ངོས་ནས་བཤད་ན་ལོ་ ༢༥ ཕྱིན་ཟིན་ཡང་། ད་དུང་དགོས་འདུན་བསྒྲུབ་མེད་པ་དང་། བོད་པའི་ངོས་ནས་བཤད་ན། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ད་དུང་མངོན་འགྱུར་བྱུང་མེད་ཀྱང་། རྒྱ་བོད་གཉིས་ཀས་སེམས་ཤུགས་མ་ཆགས་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། བོད་མི་རྣམས་བཙན་བྱོལ་བ་ཆགས་ནས་ལོ་ ༥༤ འགྲོ་གི་ཡོད་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་བཙན་བྱོལ་བ་ཆགས་ནས་ལོ་ ༢༥ འགྲོ་གི་ཡོད་ཅིང་། དུས་ཚོད་ཀྱི་ཆ་ནས་བཤད་ན་ང་ཚོ་བསླབ་པ་རྒན་པ་ཡིན་པས། ང་ཚོའི་ཉམས་མྱོང་གི་ཆ་ནས་ཞུས་ན། བཙན་བྱོལ་གྱི་དུས་ཡུན་ནང་དཀའ་ངལ་སྣ་ཚོགས་འཕྲད་སྲིད་པས་སེམས་ཤུགས་མ་ཆག་པར་ལས་ཀ་བྱེད་རྒྱུ་དང་། ཚང་མར་རང་དོན་རང་གཅེས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་མཐུན་པོ་གནང་དགོས་པ་སོགས་གསུང་ཡོད།
གསར་འགོད་བསྒྲགས་གཏམ་གྱི་ཚོགས་འདུ་དེར་ནིའུ་ཡོཀ་གྲོང་ཁྱེར་དང་། ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། རྩོམ་པ་པོ། གསར་འགོད་པ་བཅས་མི་གྲངས་ ༦༠ ཙམ་མཉམ་ཞུགས་གནང་ཡོད།
རྒྱ་རིགས་འབྲེལ་མཐུད་པ་མགྲོན་འབོད་ལྟར་ཕྱི་ཟླ་ ༦ ཚེས་ ༣ ཉིན་སླར་ཡང་ནིའུ་ཡོཀ་གྲོང་ཁྱེར་གྱི་རྒྱ་གྲོང་ཕེ་ལ་ཤིང་དུ་རྒྱ་རིགས་ ༢༠༠ ཙམ་ཞུགས་པའི་དྲན་གསོའི་ཚོགས་ཆེན་པ་ཕེབས་ནས་གསུང་བཤད་གནང་བའི་སྐབས་སུ་ཡང་གོང་མཚུངས་གསུང་བཤད་གནང་ཡོད། རྒྱ་རིགས་གྲོགས་པོ་ཚོས་ཐེངས་འདིའི་དྲུག་བཞིའི་ལས་འགུལ་ནི་སྔར་དང་མི་འདྲ་བའི་ལས་འགུལ་དམིགས་བསལ་ཞིག་ལ་བརྩི་གི་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༤ ཉིན་མོར་༸སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་གཅེན་གཅུང་རྣམས་ལ་གསུང་འཕྲིན་སྩལ་བ་དང་། དེ་བཞིན་དུ་བཞུགས་སྒར་རྡ་རམ་ས་ལར་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས། དཔར་རིགས་འགྲེམས་སྟོན་དང་། བརྙན་འཕྲིན་བསྟན་པ། གཏམ་བཤད་སྤེལ་བ་བཅས་ཀྱི་ཐོག་ནས་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་གནང་བ་བཅས་ལ་རྒྱ་རིགས་ཚོས་དགའ་མོས་ཆེན་པོ་བྱེད་པ་དང་ཆབས་ཅིག གནས་ཚུལ་དེ་ཚོ་སྤྱི་ཚོགས་དྲྭ་རྒྱ་ཁག་བརྒྱུད་ནས་གཅིག་ལ་གཅིག་སྤེལ་ཡང་བྱས་ཡོད་པ་རེད།