༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༩ པའི་ཟླ་མཇུག་ཏུ་རྔ་པ་རྫོང་ཁོངས་རྨེའུ་རུ་མའི་འབྲོག་སྡེར་རྒྱ་ནག་གཞུང་གི་གྲོང་གསེབ་གསར་པ་འཛུགས་བསྐྲུན་ཞེས་པའི་མིང་ཐོག་ནས་ཁང་པ་གསར་རྒྱག་བྱེད་བཅུག་བཞིན་ཡོད་པ་དེར་རྒྱ་ནག་རྒྱལ་བཙུགས་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་ཁང་པའི་ཐོག་སྟེང་དུ་རྒྱ་ནག་གི་དར་དམར་སྒྲེང་འཛུགས་བྱེད་དགོས་པའི་བཙན་བཀའ་བཏང་སྟེ་་དར་དམར་འཁྱེར་ཡོང་ནས་སྒྲེང་འཛུགས་བྱེད་སྐབས་མང་ཚོགས་ཁག་གཅིག་གིས་དར་དམར་སྒྲེང་འཛུགས་བྱེད་མ་བཅུག་པར་མར་གཡུག་པ་སོགས་བྱས་རྐྱེན་ངོ་རྒོལ་གྱི་རྣམ་འགྱུར་བཏོན་མཁན་དེ་དག་ལ་འབྲེལ་ཡོད་ལས་བྱེད་ནས་མི་མང་གི་མིག་མཐོང་སར་ཉེས་བརྡུང་བཏང་བ་མ་ཟད། མི་སྣ་ཁག་གཅིག་གནད་དོན་དེ་དང་འབྲེལ་བའི་ཐད་ནས་འཛིན་བཟུང་བྱས་ཡོད་པ་སྟེ། རྨེའུ་རུ་མའི་རུ་ཆེན་དང་པོའི་འགོ་ཚེ་པེ་ཚང་གི་བུ་མོ་མང་དགའ་རངལོ་ ༣༠ ཙམ་དུ་སོན་པ་དང་། རྨེའུ་རུ་མའི་རུ་ཆེན་གསུམ་པའི་མགོན་པོ་སྔོ་ར་ཚང་གི་མགོན་པོ་སྔོ་ར་རང་ལོ་ ༦༠ ཙམ་སོན་པ། རྨེའུ་རུ་མའི་རུ་ཆེན་གསུམ་པའི་བསོད་ནམས་ཥ་རོ་ཚང་གི་བསོད་ནམས་ཥ་རོ་རང་ལོ་ ༥༠ ཙམ་དུ་སོན་པ། རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཆུ་བསོད་ཚང་གི་ཆུ་བསོད་རང་ལོ་ ༤༨ ཙམ་དུ་སོན་པ་བཅས་འཛིན་བཟུང་བྱས་ཡོད་པ་རེད།།