༢༠༡༤ ཟླ་ ༦ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་ཉིན་གསུམ་རིང་གི་ཉིན་གཉིས་པའི་སྔ་དྲོའི་ཆོས་ཐུན་གྲུབ་མཚམས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞི་དང་འབྲེལ་བའི་ཡིག་ཆ་ཁག་མགོན་པོ་གང་ཉིད་མཆོག་ལ་སྤྱན་བསྟར་ཞུས་པ་བརྒྱུད་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་པ་བརྒྱུད་གཞི་རྩའི་རང་དབང་བསྐྱར་གསོ་ཡོང་ཐབས་སུ་དམིགས་ཏེ་༸གོང་ས་མཆོག་གི་ཐུགས་རྗེའི་འོག་བོད་མིའི་དབུ་ཁྲིད་ཚོས་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་ཐབས་ཀྱི་ལས་གཞི་དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས།
ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞི་དབུ་འབྱེད་གནང་ཡོད། ལས་གཞི་འདི་ནི་ད་བར་བོད་མི་རིགས་ལ་གཞི་རྩའི་རང་དབང་བསྐྱར་གསོ་ཡོང་ཐབས་ལ་དམིགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འབད་བརྩོན་ཆེ་གྲས་ཤིག་ཡིན།
ཕྱི་ལོ་ ༢༠༡༠ ནས་བཟུང་བོད་རྒྱ་གྲོས་མོལ་མཚམས་ཆད་དེ་ད་བར་ལོ་བཞིའི་རིང་བོད་རྒྱ་གྲོས་མོལ་ལ་ཡར་རྒྱས་གང་ཡང་མ་ཕྱིན་པར་དེ་མུར་ལུས་པ་དང་། བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༣༠ ནས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་འོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་གསལ།ཐེངས་འདིར་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་གཞི་གསར་པ་སྤེལ་བ་འདིའི་ནང་དབུ་མའི་ལམ་གྱི་ལས་གཞི་དང་འབྲེལ་བའི་དྲ་རྒྱ་དང་བརྙན་འཕྲིན་ཐུང་ངུ་ཞིག་བཟོ་སྐྲུན་ཞུས་ཡོད་པ་མ་ཟད། སྤྱི་ཚོགས་དྲ་ལམ་བརྒྱུད་ནས་དྲིལ་བསྒྲགས་ལས་འགུལ་གསར་པ་ཁག་གཅིག་དང་། བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་གལ་ཆེའི་དུས་ཚིགས་ཁག་དང་། དབུ་མའི་ལམ་གྱི་ལས་གཞི་དང་འབྲེལ་བའི་དྲི་བ་དྲིས་ལན་ཡོངས་གྲགས་ཁག་གཅིག་བཅས་ཕྱོགས་སྒྲིག་ཞུས་ཡོད་ཁོངས་ནས་ཡིག་ཆ་ཁག་ཅིག་རྒྱ་སྐད་ཐེ་བས་སྐད་ཡིག་བདུན་ནང་གཟིགས་ཐུབ་རྒྱུ་ཡིན་པར་བརྟེན། འཛམ་གླིང་མི་མང་རྣམས་ཀྱིས་བོད་མི་ཚོའི་དགོས་འདུན་གཙོ་བོ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་རྒྱུ་ཁོ་ན་ཡིན་པ་གསལ་རྟོགས་ཡོང་རྒྱུར་ཕན་ཐོགས་ཡོང་ངེས་ཡིན། ཞེས་གསུངས། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད་པ་དེ་དག་ལ་གདོང་ལེན་ཆེད་ཐེངས་འདིར་ང་ཚོས་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་བ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད།
ང་ཚོའི་དྲ་རྒྱ་གསར་པ་འདི་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་ནང་དོན་གསལ་རྟོགས་ཡོང་རྒྱུ་མ་ཟད། དབུ་མའི་ལམ་གྱི་ངོ་དེབ། (Umaylam) ཞེས་པའི་མིང་བྱང་དེར་ ༼ དྲ་རྒྱ་གཟིགས་ཆེད་འདིར་གནོན།༽ མཛུབ་མོ་བསྣུན་ཏེ་མོས་མཐུན་ Like བྱས་པའམ་ཡང་ན་ཁྱབ་སྤེལ་བཏང་བ་ Share སོགས་བྱས་ན་དབུ་མའི་ལམ་གྱི་གོ་རྟོགས་ཀྱི་ལས་གཞི་གསར་པ་འདིར་རྒྱབ་སྐྱོར་གནང་བ་ཞིག་མཚོན་ཐུབ། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་གཙོས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་གཞུང་གིས་བཙོན་འཇུག་འོག་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའོ་ཞའོ་པོས་གཙོས་རྒྱ་རིགས་ཤེས་ལྡན་མི་སྣ་མང་པོས་རྒྱབ་སྐྱོར་གནང་ཡོད། དབུ་མའི་ལམ། ཞེས་པའི་ཐ་སྙད་འདི་དམ་བསྒྲགས་བཙན་གནོན་དང་ཁ་བྲལ་གྱི་མཐའ་གཉིས་སྤངས་བར་གོ་དགོས།
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱིས་འདས་ལོའི་ནང་ཡིག་ཆ་འདྲ་མིན་དང་བརྒྱུད་ལམ་འདྲ་མིན་གྱི་ཆ་རྐྱེན་གསར་སྐྲུན་བྱས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ཇི་ཙམ་སྲ་བརྟན་ཡོད་པ་དང་། སྲིད་བྱུས་འདིས་ད་བར་ནུས་པ་ཇི་ཙམ་ཐོན་ཡོད་པ། འབྱུང་འགྱུར་སྲིད་བྱུས་འདིའི་རེ་འདུན་གང་འདྲ་ཞིག་བསྒྲུབ་རྒྱུའི་སྐོར་སོགས་གསལ་སྟོན་ཡོང་ཐབས་ཆེད་འབད་བརྩོན་བྱས་ཡོད། ཅེས་གསུངས།
དེ་རིང་དབུ་མའི་ལམ་གྱི་གོ་རྟོགས་ལས་གཞི་གསར་པ་ཁག་གཅིག་དབུ་འབྱེད་མཛད་རྒྱུའི་བཀྲ་ཤིས་པའི་དུས་སྐབས་འདིར་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་མའི་ལམ་གྱི་གོ་རྟོགས་ལས་གཞི་གསར་པ་འདི་དང་འབྲེལ་བའི་ཡིག་ཆ་ཁག་གཅིག་སྤྱན་བསྟར་ཞུས་པ་དང་སྦྲགས་གསུངས་དོན། ཕྱི་ལོ་ ༡༩༧༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐབས་དེའི་བོད་མིའི་དབུ་ཁྲིད་རྣམ་པས་དབུ་མའི་ལམ་གྱི་སྲིད་བྱུས་འདི་དངོས་ཡོད་གནས་སྟངས་དང་འཚམ་ཤོས་ཀྱི་སྲིད་བྱུས་ཤིག་ཡིན་པ་དགོངས་བཞེས་མཛད་ཡོད། དེ་རྗེས་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་དབུ་ཁྲིད་སྐུ་ཞབས་ཏིང་ཞའོ་ཕིང་གིས། རང་བཙན་ཕུད་པའི་གནད་དོན་གཞན་གང་འདྲ་ཞིག་ཡིན་ཡང་ང་ཚོས་གྲོས་མོལ་བྱེད་ཆོག ཅེས་༸གོང་ས་མཆོག་དང་གྲོས་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད་ཚུལ་ཕྱིར་གྲགས་བྱེད་སྐབས་རང་ཕྱོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་བྱས་ཡོད། དེ་རྗེས་རྡ་ས་དང་པེ་ཅིང་སྲིད་གཞུང་དབར་ཡུན་རིང་འབྲེལ་ལམ་འཛུགས་ཐུབ་ཡོད་པ་མ་ཟད། ད་བར་བོད་རྒྱ་གྲོས་མོལ་ཐེངས་དགུ་དང་བོད་ནང་དུ་སྐུ་ཚབ་རྟོག་ཞིབ་ཚོགས་ཆུང་ཐེངས་བཞི་ཕེབས་ཐུབ་ཡོད་པ་དང་། གཞིས་བྱེས་བོད་རིགས་ཕན་ཚུན་གཉེན་འཕྲད་དང་འགྲོ་འོང་གི་གོ་སྐབས་ཐོབ་པ་བྱུང་ཡོད།
བོད་མི་ཚོར་མ་འོངས་མདུན་ལམ་ཞིག་ཐོབ་ཆེད་འཛམ་གླིང་མི་མང་རྒན་གཞོན་བར་གསུམ་ཚང་མས་དབུ་མའི་ལམ་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་རོགས་ཞེས་ང་ཚོས་འབོད་སྐུལ་ཞུ་རྒྱུ་ཡིན། བོད་ནང་དུ་བོད་མི་ས་ཡ་དྲུག་དང་། འཛམ་གླིང་ཡུལ་གྲུ་གཞན་དུ་བོད་མི་ ༡༢༠ ༠༠༠ ཡོད།