༢༠༡༤ ཟླ་ ༦ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་བོད་པའི་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་སྩལ་སྐྱོང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་ནང་མཐོ་སློབ་འདྲ་མིན་ ༡༠༠ ལྷག་གི་སློབ་ཕྲུག་ཚོར་ཤེས་རབ་སྙིང་པོའི་འགྲེལ་པ་དང་ནང་ཆོས་སྤྱིའི་ངོ་སྤྲོད། དེ་བཞིན་གང་བློ་མའི་བཤད་ལུང་བཅས་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སློབ་ཕྲུག་ཁག་གཅིག་གིས་མཆོད་སྤྲིན་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་ཚོགས་ཁང་ནང་༸ཞབས་སོར་འཁོད་མཚམས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་བོད་ཁྱིམ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་གཉིས་ཀྱིས་མཇལ་དར་རྐྱང་འབུལ་ཞུས་མཚམས། རྒྱ་གར་རྒྱལ་ཡོངས་ཀྱི་བོད་པའི་མཐོ་སློབ་དང་ཕྱི་རྒྱལ་གྱི་མཐོ་སློབ་བཅས་མཐོ་སློབ་ཁག་ ༡༠༠ ལྷག་ཙམ་ནས་སློབ་ཕྲུག་དེབ་སྐྱེལ་བྱས་པ་ ༨༤༠ དང་། བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ ༡༣༠༠། ཤེས་རབ་དགའ་ཚལ་སློབ་གླིང་གི་སློོབ་ཕྲུག་ ༢༧༠། ཤེས་རིག་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་ཁག་ལྔ་ནས་སློབ་ཕྲུག་ ༩༢ བཅས་ཁྱོན་དགེ་ལས་སློབ་ཕྲུག་དང་མི་དམངས་སོགས་མི་གྲངས་ ༤༠༠༠ བརྒལ་བའི་དབུས་སུ་ནང་ཆོས་མཐུན་ཚོགས་ཀྱི་སྐྱ་སེར་ཁག་གཅིག་སོགས་ནས་མགོན་པོ་གང་ཉིད་མཆོག་ལ་རིགས་ལམ་གྱི་དགག་བཞག་སྤོང་གསུམ་ལམ་ནས་རྟགས་གསལ་སྤྱན་བསྟར་ཞུས་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་སྔོན་བཀའ་སློབ་སྩལ་དོན། དེ་རིང་དབྱར་ཆོས་ལྟ་བུ་བྱས་ནས་རྡ་སར་གཏན་སྡོད་སློབ་ཕྲུག་ཙམ་མ་ཟད། ཕྱོགས་མཐའ་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཀྱང་སློབ་ཕྲུག་གང་ཙམ་ཡོད་འདུག
དེ་རིངའདིར་་ང་ཚོ་འཛོམས་ནས་ཆོས་དང་བྱིན་རླབས་ཞུ་རྒྱུའི་འདུ་ཤེས་མ་བཞག་པར་དེ་རིང་དམིགས་བསལ་སློབ་མཚན་ཞིག་ཁྲིད་ཀྱི་ཡོད་བསམ་ནས་ཉན་དགོས། སངས་རྒྱས་ཀྱི་ཆོས་དེ་ཕལ་ཆེར་ཤེས་ཡོན་རང་ཆགས་ཡོད། སྨོན་ལམ་དང་དད་པ། གཟུངས་སྔགས་འདྲེན་རྒྱུ་ཙམ་མིན། སངས་རྒྱས་ཀྱི་ཆོས་དེ་གཞི་རྩའི་དངོས་ཡོད་གནས་ཚུལ་གང་དང་གང་ཡིན་པ་དེ་དག་གཏན་ལ་ཕབ་སྟེ་བསྡོམས་རྒྱག་དགོས། ང་རང་ཚོ་སྡུག་བསྔལ་མི་འདོད་པ་དང་། བདེ་བར་འདོད་མཁན་ཡིན་པར་བརྟེན། སྡུག་བསྔལ་གྱི་རྒྱུ་རྐྱེན་གང་དང་གང་ཡིན་པ། དེ་དག་སེལ་ཐབས་དང་བཟློག་ཐབས་གང་དང་གང་བྱེད་དགོས་པ་དེ་དག་འགྲེལ་བཤད་བསྐྱོན་ཡོད་སྟབས་རང་བཞིན་གྱིས་དངོས་ཡོད་གནས་ཚུལ་མང་པོ་ཞིག་འགྲེལ་བཤད་ཡོང་གི་ཡོད། དཀོན་མཆོག་ལ་དད་པ་བྱས་ནས་སྐྱབས་སུ་མཆི་ཟེར་བ་ཁོ་ནས་འགྲིག་གི་ཡོད་ན། དེ་དག་ལ་སློབ་སྦྱོང་བྱེད་དགོས་དོན་མེད། སངས་རྒྱས་ཀྱི་ཆོས་ཟེར་རྒྱུ་དེ་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ནས་དངོས་ཡོད་གནས་ཚུལ་ཀྱི་ཐོག་ནས་སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་ཐབས་དེ་ཡོང་གི་ཡོད། དེར་བརྟེན་གཞིའི་གནས་ཚུལ་གྱི་འགྲེལ་བཤད་རང་བཞིན་གྱིས་ཡོང་བཞིན་ཡོད། ངོས་ཀྱིས་དུས་རྒྱུན་དུ་ཤོད་ཀྱི་ཡོད། སངས་རྒྱས་ཀྱི་ཆོས་ཞེས་པ་དེ་བཅོམ་ལྡན་འདས་ཁོང་རང་ལས་དང་པོ་བའི་གནས་སྐབས་ཤིག་ཡོད་པར་བྱས་ཏེ་སོ་སྐྱེ། ཐ་མལ་བ། དཔེར་ན། ལྟོས་ས་ལྟོས་ཕྱོགས་ཀྱི་ང་རང་ཚོ་ད་ལྟ་མི་ལུས་ཐོབ་སྟེ་སངས་རྒྱས་ཀྱི་ཆོས་དང་མཇལ་ནས་ཕྲན་བུ་བསམ་བློ་གཏོང་ཤེས་ཀྱི་ཡོད། བཅོམ་ལྡན་འདས་ཀྱི་སྐུ་ཚེ་སྔོན་མའི་གྲས་དེ་དག་ང་ཚོ་ལས་སྐྱོ་བ་ཡོད།
དེ་འདྲ་ཞིག་གི་ཐོག་ནས་མཐུན་པའི་རྐྱེན་དང་། དགེ་བའི་བཤེས་གཉེན། ཕྱི་ནང་གི་རྐྱེན་འཕྲད་ནས་རིམ་པས་རང་ཉིད་ཀྱི་བློ་བཅོས་ནས་མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་གོ་འཕང་ཐོབ་པ་རེད། དེར་བརྟེན་ཁོང་རང་རང་ཉིད་སློབ་པ་ལམ་གྱི་གནས་སྐབས་བྱས་ཏེ་སོ་སྐྱེ་ཐ་མལ་བ། འཆིང་བ་ཀུན་ལྡན། སྡུག་བསྔལ་གྱིས་མནར་བའི་འོག་ནས་མཐར་སྡུག་བསྔལ་བག་ཆགས་དང་བཅས་པ་མཐའ་དག་ཉེ་བར་ཞི་ནས་མཐར་རྣམ་མཁྱེན་གྱི་གོ་འཕང་སྒྲུབ་པ་མཛད་པ་ཡིན་སྟབས་དེས་ང་ཚོར་ཡང་ལམ་འདི་ལྟར་བསྟན་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་དང་ཆོས་བརྒྱུད་དེ་དག་ཧ་ཅང་ཡག་པོ་རེད། མི་མང་པོར་ཕན་གྱི་ཡོད། དཔེར་ན། ཡི་ཤུའི་ཆོས་པར་ཆ་བཞག་ན་མི་གྲངས་དུང་ཕྱུར་བཅུ་ལྷག་ཡོད། དེ་བཞིན་ཁ་ཆེ་དུང་ཕྱུར་བཅུ་ལྷག་ཡོད། ཧིན་རྡུ་དུང་ཕྱུར་དྲུག་ཡོད། ལོ་མང་པོའི་སྔོན་ནས་སྐད་ཆ་བྱུང་བའི་སྐབས་སུ་ནང་པ་དུང་ཕྱུར་གཉིས་བརྗོད་ཀྱི་འདུག དེང་སྐབས་ནང་པའི་རྗེས་འབྲང་བ་མང་དུ་ཕྱིན་ཡོད།
རྒྱ་ནག་ནང་ནང་པ་མང་པོ་འདུག རྒྱ་ནག་ནང་ཕལ་ཆེར་དུང་ཕྱུར་བཞི་ཙམ་བསླེབས་ཀྱི་འདུག ནང་པ་ཕལ་ཆེར་དུང་ཕྱུར་དྲུག་བདུན་ཆགས་ཀྱི་ཡོད་འདུག ཆོས་ལུགས་གཙོ་ཆེ་བ་དེ་དག་གིས་མི་མང་པོར་ཕན་ཐོགས་ཀྱི་ཡོད། དེར་བརྟེན་ཆོས་ལུགས་ཚང་མར་གུས་ཞབས་དང་། ཕན་ཐོགས་ཡོད་པའི་དབང་གིས་བརྩི་བཀུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ནས་དུས་རྟག་ཏུ་ཤོད་ཀྱི་ཡོད། ཆོས་ལུགས་ཡག་ཉེས་བཤད་དེ། དཔེར་ན། ངོས་རང་ནང་པ་རེད། དེར་བརྟེན་ནང་པའི་ཆོས་ཡག་ཤོས་རེད་ཅེས་ངོས་ཀྱིས་ནམ་ཡང་བརྗོད་ཤེས་ཀྱི་མ་རེད་ཅེས་ཤོད་ཀྱི་ཡོད། གང་ཡིན་བརྗོད་ན། ཡག་ཉེས་བརྗོད་རྒྱུ་དེ་ཕན་ཐོགས་ཡོད་མེད་ལ་བསམ་བློ་གཏོང་དགོས། ཕན་ཐོགས་ཡོད་མེད་དེ་ཁམས་དང་མོས་པར་འཚམ་པ་ཞིག་བྱུང་ན་ཕན་གྱི་ཡོད། ཁམས་དང་མོས་པར་མ་འཚམ་ན་ཕན་གྱི་མེད། བཙོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་དེ་ཧ་ཅང་གལ་ཆེན་པོར་གཟིགས་ཏེ་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་སྐབས་རེར་ཕུང་པོ་ལྔ་ནི་འཁུར་རོ། ཁུར་འཁུར་པ་པོ་ནི་གང་ཟག་གོ་གསུང་ཡོང་སྐབས། ཧ་ལམ་བཅོམ་ལྡན་འདས་རང་གིས་ལྟ་གྲུབ་ཀྱི་བདག་མེད་པའི་ལྟ་བ་ཟེར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི། ཆོས་ཀྱི་སྡོམ་བཞི། ཞེས་རྩ་བ་ལྟ་བུ་ཆགས་ཡོད།
འོན་ཀྱང་གདུལ་བྱ་ཁ་ཤས་བཅོམ་ལྡན་འདས་ལ་དད་པ་ཡོད་ནའང་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལས་བདག་མེད་པ་བརྗོད་རྒྱུ་དེ་བློ་ལ་ཆུད་མ་ཐུབ་མཁན་ཞིག་ལ་རེ་ཞིག་དེའི་མོས་པ་དང་ཁམས་ལ་བསྟུན་ནས་ཕུང་པོ་ལྔ་ནི་འཁུར་རོ། ཁུར་འཁུར་པ་པོ་ནི་གང་ཟག་གོ་གསུང་སྐབས། ཕུང་པོའི་ཁུར་འཁུར་མཁན་གྱི་གང་ཟག་གཅིག་ཡོད་པ་ལྟ་བུ་གསུང་གནང་གི་འདུག དེ་བཞིན་གང་ཟག་མེད། ལས་ཡོད། ཕུང་པོ་ཡོད་ཕལ་ཆེར་འཁོར་ལོ་དང་པོའི་སྐབས་དེ་ལྟ་བུ་ཞིག་ཡོད། དེ་དག་གདུལ་བྱའི་ཁམས་དང་བསྟུན་ནས་གསུངས་ཡོད། དེས་གང་མཚོན་གྱི་ཡོད་བརྗོད་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་གསུངས་པ་མ་གཏོགས་གདུལ་བྱའི་ཁམས་དང་མོས་པར་མ་འཚམ་ནའང་བཅོམ་ལྡན་འདས་ཀྱིས་ཞེ་ས་མ་ཞུས་ན། མིའི་བློར་ཕྱིན་ན་རེད། མ་ཕྱིན་པ་ཡིན་ནའང་རེད། དེ་ལྟར་རེད་ཅེས་གསུངས་ཀྱི་མེད། གང་ཡིན་བརྗོད་ན་མིར་ཕན་པ་ཞིག་དགོས་ཀྱི་ཡོད། མི་ལ་མ་ཕན་པ་ཡིན་ན། ཕན་ཐོགས་གང་ཡང་མེད། ཁམས་དང་མོས་པ་སྣ་ཚོགས་ཡོད་པར་བརྟེན་ཆོས་བརྒྱུད་འདྲ་མིན་དེ་དག་བྱུང་བ་རེད། ང་ཚོས་ཆོས་བརྒྱུད་དེ་དག་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས། དེར་བརྟེན་སོ་སོའི་ཁམས་དང་མོས་པར་མཐུན་པའི་ཆོས་དེ་གང་ཟག་དེ་ལ་ཡག་ཤོས་ཆགས་ཡོད། དེར་བརྟེན་ཆོས་ལུགས་ཡག་ཉེས་ཞེས་པ་དེ་འདི་ལྟར་ཤོད་དགོས་ཀྱི་རེད་མ་གཏོགས་གང་ཟག་བྱེ་བྲག་པ་ཞིག་གི་ཁམས་དང་མོས་པར་བསྟུན་ནས་ཕན་ཐོག་ཆེ་ཆུང་གི་ཐོག་ནས་ཡག་ཉེས་བཤད་ན་མ་གཏོགས། སྤྱི་ཡོངས་ཐོག་ནས་ནང་པའི་ཆོས་ཡག་ཤོས་རེད་བརྗོད་ཐུབ་ཐབས་མེད། དེ་ལྟར་ནའང་ལྟ་གྲུབ་ཀྱི་རྣམ་གཞག་ཐོག་ནས་བརྗོད་པ་ཡིན་ན། ནང་པའི་ལྟ་གྲུབ་དེ་རྒྱ་ཆེ་ཤོས་རེད་འདུག
ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་ཧ་ལས་པ་རེད་འདུག སྔར་དེའི་ཚེ་དེའི་དུས་མུ་སྟེགས་པའི་མཁས་པ་ཚོས་ལྟ་གྲུབ་ཟབ་མོ་དང་རྒྱ་ཆེན་པོ་ཡོད་པ་དེ་དག་ད་ཆ་ཕལ་ཆེར་ཉམས་ཚར་བ་རེད། ཧ་ལམ་མི་འདུག ངས་རྒྱ་གར་ནང་མུ་སྟེགས་པའི་མཁས་པ་དང་སློབ་དཔོན་མང་པོ་ཐུག་རྒྱུའི་གོ་སྐབས་ཡོང་གི་ཡོད། བཀའ་མོལ་ཞུས་པའི་སྐབས་སུ་ཧ་ཅང་ཉུང་ཉུང་རེད། སྔོན་གྱི་མུ་སྟེགས་པའི་མཁས་པ་ཚོས་བཤད་པའི་ལྟ་གྲུབ་དེ་དག་མཁྱེན་མཁན་ཧ་ཅང་ཉུང་ཉུང་རེད་འདུག མེད་པའང་མ་རེད། འགའ་ཤས་འདུག ངོ་མཚར་སྐྱེད་རྒྱུ་ལྟ་བུ་འདུག གྲངས་ཅན་པ་དང་གཅེར་བུ་བའི་འདོད་ཚུལ་དེ་དག་ང་ཚོའི་གྲུབ་མཐའི་ནང་དུའང་ཡོད། འོན་ཀྱང་གསོན་པོ་ཞིག་དང་མཇལ་ཏེ་བཀའ་མོལ་ཞུས་སྐབས་དེ་བས་ཟབ་པ་དང་ཕན་ཐོགས་འདུག རེ་ཟུང་ཡོང་གི་ཡོད། མང་ཆེ་བ་དད་པ་ཁོ་ན་རེད། དེར་བརྟེན་རྒྱ་གར་དུ་ཉམས་ཆག་ཧ་ཅང་ཕྱིན་འདུག ནང་པ་ཉམས་ཆག་ཕྱིན་པ་ཡོངས་གྲགས་རེད།
མུ་སྟེགས་པའི་ཆོས་དེ་ཡང་ཧ་ཅང་ཉམས་ཆག་ཕྱིན་འདུག མུ་སྟེགས་པའི་ཆོས་གཏོར་བཤིག་གཏོང་མཁན་བྱུང་ནས་ཉམས་ཆག་ཕྱིན་པ་མིན། མུ་སྟེགས་པའི་ཆོས་སློབ་སྦྱོང་བྱེད་མཁན་མེད་པར་བརྟེན་ནས་ཉམས་ཆག་ཕྱིན་པ་རེད། ཆོས་ཟེར་དུས་དད་པ་ཙམ་མ་གཏོགས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་མ་བྱས་པའི་ཐོག་ནས་མི་རབས་འདི་ལྟར་འགྲོ་སྐབས་ཆོ་ག་ཕྱག་ལེན་ཙམ་མ་གཏོགས། འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དེ་དག་ཉམས་ཆག་ཕྱིན་ཡོད། ནང་པའི་ཡུལ་གྲུ་མང་པོ་འདི་ལྟར་རེད། བཅོམ་ལྡན་འདས་ལ་དད་པ་ཡོད་པ་མ་ཟད། སངས་རྒྱས་ཆོས་དགེ་འདུན་ཞེས་ཁ་ནས་བརྗོད་ཀྱི་ཡོད། ཆོས་ཞེས་པ་གང་ཡིན་མིན་དོ་སྣང་མ་བྱས་ན་ཤེས་ཀྱི་མ་རེད། ཉེ་ཆར་ངོས་རང་ཉི་ཧོང་ལ་ཆོས་ཚོགས་དེ་སྔ་ངོ་ཤེས་དང་ངོ་ཤེས་གསར་པ་རྣམས་ཐུག་སྟེ་ཧ་ཅང་ཡག་པོ་བྱུང་སོང་། དེ་སྔ་ཐུག་མྱོང་མཁན་ཚོས་ནང་པའི་ཆོས་ཞེས་བརྗོད་སྐབས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ་མང་པོས་དོ་སྣང་གནང་སྟེ། ང་ཚོས་སློབ་སྦྱོང་བྱེད་སའི་བསྟི་གནས་འཛུགས་རྒྱུའི་གོ་བསྡུར་གྱི་ལམ་ནས་ཐག་གཅོད་བྱས་པ་ཡིན།
ངོས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་ཞིག་ཕུལ་རྒྱུ་བྱས་པ་ཡིན། བཀའ་འགྱུར་དང་བསྟན་འགྱུར་ལམ་སེང་ཉི་ཧོང་གི་སྐད་ལ་བསྒྱུར་ཐུབ་ཀྱི་མ་རེད། འོན་ཀྱང་དཀར་ཆག་དེ་དག་ཞིབ་ཚགས་བཟོས་ཏེ་ཉི་ཧོང་གི་སྐད་ལ་བསྒྱུར་ཐུབ་རྒྱུ་དང་། ཉི་ཧོང་གི་དགོན་པའི་སློབ་ཕྲུག་འདི་ཕྱོགས་སུ་བསླེབས་ནས་བོད་སྐད་བསླབ་རྒྱུ་དང་བོད་པའི་སློབ་ཕྲུག་ཉི་ཧོང་དུ་ཕྱིན་ཏེ་ཉི་ཧོང་གི་སྐད་བསླབ་ནས་མ་འོངས་པར་བཀའ་འགྱུར་དང་བསྟན་འགྱུར་བསྒྱུར་རྒྱུའི་ཐོག་བྱ་བ་མང་ཙམ་བྱེད་ཐུབ་ཆེད་ཡིན། དེ་སྔ་ནས་ངོ་ཤེས་པ་ཉི་ཧོང་ནང་གི་ཀོ་ཡ་སན་དགོན་པ་དང་ང་ཚོའི་དབར་མོས་མཐུན་བྱུང་རྗེས་གྲོས་ཐག་བཅད་པ་རེད། དེ་བཞིན་ང་ཚོ་དང་འབྲེལ་བ་གསར་པ་ཆགས་པའི་ཉི་ཧོང་གི་ཆོས་ཚོགས་གལ་ཆེ་ཞིག་མཇལ་རྒྱུ་བྱུང་། དེར་སྒྲུང་ཞིག་ཡོད། དེའི་ནང་གི་མཁན་པོ་བགྲེས་སོང་དགུང་ལོ་ ༩༩ ཙམ་ཞིག་ཡིན་པ་ཡོད། ངོས་རང་ལ་སྐད་ཆ་ཤོད་ཅེས་རྐུབ་བཀྱག་རིང་པོ་ཞིག་བཙུགས་འདུག ངོས་ཀྱིས་མཁན་པོ་འདིར་ཕེབས་ཤོག་ཅེས་ཞུས་ཏེ་རྐུབ་བཀྱག་མཉམ་དུ་བྱས་ནས་བསྡད་པ་ཡིན། ངོས་རང་སྐད་ཆ་ཤོད་སྐབས་མདུན་དུ་ཇ་དང་ཆུ་སྐོལ་ཡོད་པ་ཁོང་གིས་བླུག་སྟེ་ངོས་ཀྱི་ཁའི་སར་བསྐྱལ་བྱུང་། ངོས་རང་ལོ་ ༧༩ ཙམ་ལ་བསླེབས་ཀྱི་ཡོད། ཁོང་དགུང་ལོ་དགུ་བཅུ་གོ་གྲངས་ཙམ་ཆགས་ཀྱི་ཡོད། ངོས་ཀྱིས་ཕར་ཞབས་ཕྱི་ཞུ་དགོས་པ་མ་གཏོགས་ཚུར་ཞབས་ཕྱི་ཞུ་རྒྱུའི་འགྲོ་སྟངས་ཡོད་པ་མ་རེད་ཅེས་ཞུས་པ་ཡིན། ངོས་ཀྱིས་སྐད་ཆ་བཤད་པ་སྐད་བསྒྱུར་བྱེད་སྐབས་ཁོང་གིས་ཕྱག་གཡས་པས་ངོས་ཀྱི་སྒལ་ཚིགས་དེ་ནས་མར་འཕུར་མཉེད་ (Massage) བཏང་གནང་བྱུང་བ་སྐྱིད་པོ་འདུག བགྲེས་སོང་ཁོང་གིས་ངོས་ལ་ཧ་ཅང་བྱམས་པོ་གནང་བྱུང་།
དེའི་སང་ཉིན་དེར་ང་ཚོ་ཁ་ལག་བཟའ་སྐབས་མི་མང་པོ་ཡོད་པའི་ཁྲོད་བགྲེས་སོང་དེ་ཡང་ཡོད། སྐབས་དེར་བགྲེས་སོང་གིས་ཁོང་རང་གི་མི་ཚེའི་ནང་ཁ་སང་ལས་སྐྱིད་པ་མ་བྱུང་། ཧ་ཅང་སྐྱིད་པོ་བྱུང་ཞེས་མཉེས་པོ་གནང་སོང་། ང་ཚོ་ཚོགས་པའི་སྐབས་ཉི་ཧོང་གི་ཆོས་པ་ཞིག་གིས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་རྒྱུར་སློབ་གཉེར་དགོས་ཀྱི་ཡོད་དམ་མེད་སྐོར་དྲིས་བྱུང་། དེ་སྔ་ཉི་ཧོང་གི་སློབ་ཕྲུག་ཅིག་གིས་ཀྱང་འདི་ལྟར་དྲིས་མྱོང་ཡོད། ཁོང་རང་གི་དགེ་རྒན་གྱིས་སངས་རྒྱས་ཀྱི་གོ་འཕང་ཟེར་དུས་སྒོམ་བརྒྱབ་སྟེ་འགྲིག་གི་རེད། སློབ་སྦྱོང་བྱེད་དགོས་མ་རེད་ཅེས་བརྗོད་ཀྱི་འདུག འདི་གང་འདྲ་རེད་དམ་ཅེས་དྲིས་བྱུང་། ད་ལན་དགོན་པའི་དགེ་འདུན་པས་ངོས་ལ་འདི་ལྟར་དྲིས་བྱུང་། སངས་རྒྱས་ཀྱི་གོ་འཕང་ཞེས་པ་དེ་བསམ་གཏན་གྱི་སྒོམ་ཁོ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་རེད་དམ། སློབ་སྦྱོང་དགོས་ཀྱི་རེད་དམ་མ་རེད།
ཅེས་དྲིས་བྱུང་། དེར་བརྟེན་དེ་ཚོའི་གྲས་ཧ་ཅང་ཉམས་ཆག་ཕྱིན་འདུག ད་ལྟ་ང་ཚོ་བོད་པ་དྲག་ཤོས་རེད་འདུག འོན་ཀྱང་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ཆོས་ཞེས་བརྗོད་སྐབས་དད་པ་བྱེད་རྒྱུ་ཙམ་མ་གཏོགས་སློབ་སྦྱོང་བྱེད་རྒྱུར་ཤེས་ཡོན་གྱི་འདུ་ཤེས་མེད་པར་འདི་ལྟར་ཕྱིན་ན་རིམ་པས་ཉམས་ཆག་འགྲོ་གི་རེད། དེར་བརྟེན་སློབ་སྦྱོང་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
ཆོས་བསླབ་དགོས་རེད་ཅེས་བརྗོད་སྐབས་ལམ་སེང་ཆོ་ག་འདོན་རྒྱུ་བསླབ་པ་སོགས་བྱེད་ཀྱི་ཡོད། ཉེ་ཆར་ཡུ་རོབ་ཁུལ་དུ་བསྐྱོད་སྐབས་དགོན་པ་འཛུགས་རྒྱུ་དང་དེའི་དུང་དང་རྒྱ་གླིང་དེ་དག་ཁོ་རང་གིས་མཐུན་རྐྱེན་བསྐྲུན་གྱི་ཡིན་ཞེས་བརྗོད་བྱུང་། དགོན་པ་བཙུགས་ན་དུང་དང་རྒྱ་གླིང་དགོས་ཀྱི་ཡོད་པ་ལྟ་བུ་འདུག སྔོན་མ་ངོས་རང་ཀ་ལུ་རིན་པོ་ཆེའི་ཆོས་ཚོགས་ལ་ཕྱིན་པའི་སྐབས་སུ་དབྱིན་ཇིའི་གྲྭ་པས་རྒྱ་གླིང་གཏོང་གི་འདུག ལོ་གསུམ་ཕྱོགས་གསུམ་བསྡད་པ་ཧ་ཅང་ཡག་པོ་རེད། བླ་མའི་རྣལ་འབྱོར་གཙོ་བོར་གྱུར་པའི་ལྷའི་རྣལ་འབྱོར་དེ་དག་བསྒོམ་པ་ཧ་ཅང་ཡག་པོ་རེད། རྒྱ་གླིང་གཏོང་རྒྱུ་དེ་གལ་ཆེན་པོ་བརྩིས་པ་དེ་འདྲ་ཆགས་པོ་དེ་ཙམ་མི་འདུག དེར་བརྟེན་དགོན་པར་ཆོས་བསླབ་བརྗོད་དུས་ལམ་སེང་ཆོ་ག་བཟུང་ནས་དུང་དང་རྒྱ་གླིང་སྦུབ་དེ་དག་གལ་ཆེན་པོ་ཡིན་ནའང་རྩ་བ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ང་ཚོའི་སྤྱི་ཚོགས་ནང་དེང་སྐབས་ཕྲན་བུ་དྲག་ཏུ་ཕྱིན་འདུག གཞན་ཧི་མ་ལ་ཡའི་རི་རྒྱུད་ནུབ་ལ་དྭགས་ནས་ཤར་མོན་བར་དུ་ཆོས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་བྱེད་ཀྱི་མེད་པ་ལྟ་བུ་འདུག མོན་ཁུལ་དུ་བླ་མས་དབང་བཀུར་བརྗོད་སྐབས་ཧ་ཅང་ཚང་ཁ་རྒྱག་པ་དང་། དབང་གི་བུམ་ཆུ་གནང་བའི་སྐབས་སུ་བུམ་ཆུ་དང་པོ་དེ་ཐོབ་པ་ཡིན་ན་ཧ་ཅང་གི་བྱིན་རླབས་ཆེན་པོ་ཡོད་ཟེར་ནས་ཚང་ཁ་རྒྱག་གི་རེད་བརྗོད་ཀྱི་འདུག
སྔ་མོ་ཕྱི་ལོ་དྲུག་ཅུ་རེ་གྲངས་ནང་ངོས་རང་སིངྒ་པུར་དང་ཉི་ཧོང་སོགས་ནང་ཐེངས་གཅིག་བསླེབས་པ་རེད། སིངྒ་པུརདང་དེ་བཞིན་རྒྱ་གར་ནང་དོ་སྣང་བྱུང་། ནང་ཆོས་འགྲེལ་བཤད་རྒྱག་སྐབས་དེ་ཙམ་དོ་སྣང་བྱེད་ཀྱི་མི་འདུག བོད་པས་ཀྱང་དོ་སྣང་བྱེད་མཁན་དཀོན་པོ་རེད། ཕྱི་རྒྱལ་བ་ཚོས་ཧ་ཅང་དོ་སྣང་བྱེད་ཀྱི་འདུག ནང་པ་ཡིན་པ་དེ་ཚོས་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག དབང་དང་བྱིན་རླབས་འགོ་བཙུགས་མ་ཐག་ཙོག་གེར་བསྡད་ནས་ཧ་ཅང་དོ་སྣང་བྱེད་ཀྱི་འདུག ང་ཚོར་མིག་ལྟོས་དེ་འདྲ་ཞིག་བསླེབས་འདུག དབང་དང་བྱིན་རླབས་གནང་སྐབས་དོ་སྣང་ཧ་ཅང་བྱེད་པ་ལས་ཆོས་ཀྱི་སློབ་སྦྱོང་སྤྲོད་སྐབས་དེ་ཙམ་དོ་སྣང་མ་བྱས་པ་དེ་བསྟན་པ་ཉམས་རྒྱུའི་སྔ་ལྟས་རེད། དེ་རིང་ང་ཚོ་འདིར་ཚོགས་རྒྱུ་འདི་ཆོས་ཉན་རྒྱུའི་སྐད་ཆ་གང་ཡང་མིན། དོན་གྱི་ཆོས་ལ་འགྲེལ་བཤད་རྒྱག་གི་ཡོད། ཤེས་ཡོན་སློབ་སྦྱོང་གི་འགྲེལ་བཤད་རྒྱག་རྒྱུ་ཞིག་ཡིན། ཁྱེད་རང་ཚོས་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན་བསམས་དགོས།
ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་ ༥༥ ལྷག་ཕྱིན་པ་རེད། མི་རབས་རྒན་པ་དེ་དག་རྫོགས་འགྲོ་གི་ཡོད། གཙོ་བོ་གདན་ས་གསུམ་དགེ་ལུགས་ཀྱི་བཤད་གྲྭ་དེ་དག་གཙོ་བོ་རེད་འདུག ལོ་ངོ་ཉི་ཤུ་སུམ་ཅུ་སློབ་སྦྱོང་བྱས་ནས་འགྲོ་གི་ཡོད། སྔ་མོ་ཡིན་ན་ས་སྐྱའི་བཤད་གྲྭ་ཧ་ཅང་ཡག་པོ་ཡོད། བར་སྐབས་ཕྲན་བུ་དེ་ཙམ་གྱི་ཤུགས་ཆེན་པོ་མེད། རྙིང་མར་ཆ་བཞག་ན་ཁམས་ཁུལ་གྱི་ཀཿདཔལ་རྫོགས་གསུམ་གྱི་ནང་འདུལ་བ་འཛིན་པ་རེད། གཞུང་ཆེན་བཅུ་གསུམ་ཟེར་རྒྱུ་དེ་དག་མཁན་པོ་གཞན་དགའི་མཚན་སྟེང་ནས་བཤད་ཁྲིད་བྱས་པ་དེ་དག་ཧ་ཅང་དར་ཁྱབ་ཆེན་པོ་རེད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་གི་པད་ནོར་རིན་པོ་ཆེ་ཐུགས་སྟོབས་ཆེན་པོ་དང་ཐུགས་རྒྱུད་ཧ་ཅང་བཟང་པོ་རེད། དངོས་གནས་དྲང་གནས་ཀྱི་སྙིང་སྟོབས་སྐྱེས་ནས་ལོ་ནས་ལོ་བསྟུད་དེ་སྐུ་ལས་བསྐྱོན་ནས་དེང་སྐབས་བཤད་གྲྭ་ཡག་ཤོས་རེད། ལོ་དགུ་རིང་སློབ་སྦྱོང་བྱེད་དགོས་ཡོད། ཁ་སེང་ངོས་རང་ཁུལ་དེར་བསླེབས་སྐབས་མཁན་ཆེན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བཏུས་པ་རེད་ཅེས་པ་དེ་སློབ་སྦྱོང་བྱེད་ནས་ཡག་པོ་ཡོད། དེ་སློབ་སྦྱོང་བཙུགས་ནས་ལོ་གསུམ་འཕར་སྣོན་བྱས་ཏེ་ལོ་དགུ་ལས་བཅུ་གཉིས་བཟོས་ན་ཡག་པོ་ཡོད་ཅེས་བསམ་འཆར་བཤད་རྒྱུ་བྱུང་། ངོས་ཀྱིས་སྐབས་དེར་འབྲེལ་ཡོད་གཅིག་ལ་ནང་མོལ་བྱས་ཏེ་བསམ་འཆར་ཞུས་པ་ཡིན། ཁོང་ཚོས་ཉེ་ཆར་ལག་བསྟར་བྱས་འདུག
དགེ་ལུགས་ཀྱི་བཤད་གྲྭ་དེ་དག་ནང་ལོ་ཉི་ཤུ་སུམ་ཅུའི་རིང་སློབ་སྦྱོང་བྱེད་ཀྱི་ཡོད། དེ་སྔ་བོད་ལ་ཡིན་ན་གྲྭ་ཚོགས་ཆེན་པོ་ཡིན་པར་བརྟེན་ལོ་སུམ་ཅུ་སོ་གྲངས་དཔེ་ཆ་ལྟ་གི་ཡོད། དེང་སང་རྒྱ་གར་ནང་ལ་དྭགས་ལ་སོགས་ནས་ཡོང་བའི་གྲྭ་རྒྱུན་ཚོས་ལོ་ཉི་ཤུ་རྩ་གཉིས་རྩ་གསུམ་དཔེ་ཆ་བལྟས་པ་ཡིན་ཟེར་མཁན་ཤ་སྟག་རེད། དེ་ལྟ་བུའི་གདན་ས་ཆེན་པོ་དེ་དག་གི་མི་རབས་གོང་མ་དེ་དག་ག་ལེར་རྫོགས་འགྲོ་གི་ཡོད། ད་ལྟ་ཡོད་པའི་དགེ་བཤེས་དེ་དག་མང་ཆེ་བ་མི་རབས་གསར་པ་ཚོས་རྒྱུན་མཐུད་ནས་ཡོང་བཞིན་ཡོད། གདན་ས་ཁག་དེ་དག་གི་ནང་རྒྱ་གར་ལ་སྐྱེས་པའི་གྲྭ་རྒྱུན་དེ་ཙམ་མེད། ལ་དྭགས་དང་། མོན། གར་ཞཱ། ཁུ་ནུ་སོགས་ནས་ཡོང་བ་དེ་དག་གིས་སློབ་གཉེར་རྒྱག་རྒྱུའི་རྐང་བཟུང་སྟེ་བསྡད་ཡོད། བོད་ཕྱི་ནང་གི་འབྲེལ་བ་མཐུད་རྗེས་བོད་ནས་གྲྭ་རྒྱུན་ཡོང་མཁན་མང་པོ་ཞིག་བྱུང་ཡོད། དེ་དག་གིས་སློབ་གཉེར་རྐང་བཟུང་སྟེ་བསྡད་ཡོད། རྒྱ་གར་ནང་སྐྱེས་པའི་བོད་ཕྲུག་ཁྲོད་ནས་གྲྭ་སར་སློབ་གཉེར་རྒྱག་མཁན་ཧ་ཅང་ཉུང་ཉུང་རེད། དོ་སྣང་མི་འདུག འདི་ལྟར་ཕྱིན་ཚེ་ལྟག་ཆུ་ཆད་པའི་འཛིང་བུ་ཟེར་བ་ལྟ་བུ་རེད། ཕལ་ཆེར་འཛིང་བཟང་པོ་དེ་སྐམ་འགྲོ་བའི་ཉེན་ཁ་ཡོད། གྲྭ་ཤག་བརྒྱབ་ཟེར་རྒྱུ་དེ་ཕན་ཐོགས་གང་ཡང་མེད། དང་དུ་བླངས་ནས་གདན་ས་ལ་བཞུགས་ཏེ་སློབ་གཉེར་རྒྱག་རྒྱུ་ཞིག་དགོས་ཀྱི་རེད། དེ་ཡོང་བར་སྤྲོ་བ་བསླེབས་དགོས། སྤྲོ་བ་བསླེབས་པར་ཡོན་ཏན་མཐོང་དགོས། ཡོན་ཏན་མཐོང་བར་དེ་ཤེས་དགོས།
དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ཁྱེད་རང་ཚོས་དོ་སྣང་བྱས་ཏེ་ཤེས་ཡོན་གྱི་འདུ་ཤེས་བཞག་དགོས། དེང་སྐབས་ནུབ་ཕྱོགས་ཀྱི་ཚན་རིག་པ་གཙོ་བོ་་ཨ་རིའི་ཚན་རིག་པ་རེད། ཁོང་ཚོས་མཐའ་གཅིག་ཏུ་ཆོས་པ་བྱས་ཏེ་ནང་པའི་གཞུང་ནས་གསུངས་པ་བཞིན་ས་ལམ་བགྲོད་ནས་རྣམ་མཁྱེན་གོ་འཕང་བསྒྲུབ་རྒྱུ་ལྟ་བུར་ཡིད་ཆེས་མེད་པ་དང་། སྐྱེ་བ་ཕྱི་མ་ཡོད་མེད་ཀྱི་ཐེ་ཚོམ་བྱས་ནས་སྡོད་མཁན་ཚོས། ནང་ཆོས་ནས་གསུངས་པའི་གཞན་ཕན་གྱི་བསམ་པ་དང་། ལྷག་པར་རྟེན་འབྱུང་གི་དེ་ཁོ་ན་ཉིད་དང་། སེམས་ཁམས་རིག་པའི་སྐོར་འགྲེལ་བཤད་རྒྱག་རྒྱུ་དེ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ཀྱི་ཡིན་ཟེར་ནས་དེ་ལྟར་བྱེད་ཀྱི་མེད། ཤེས་ཡོན་གྱི་འདུ་ཤེས་འཛིན་ཏེ་བྱེད་ཀྱི་ཡོད། མིའི་སྤྱི་ཚོགས་ནང་དགོས་མཁོ་དང་ཕན་ཐོགས་ཡོད་པ་ཞིག་མཐོང་ནས་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་ད་ལན་ཉིན་གྲངས་གསུམ་རིང་ནང་ཆོས་ངོ་སྤྲོད་དང་འགྲེལ་བཤད་རྒྱག་སྐབས། ཤེས་ཡོན་གྱི་འདུ་ཤེས་བཞག་ནས་ཁྱེད་རང་ཚོས་ཉན་དགོས་ཀྱི་རེད། ཁྱེད་རང་ཚོ་འགྲེལ་བཤད་རྒྱག་མཁན་ཚོ་ཡང་ཤེས་ཡོན་གྱི་བགྲོ་གླེང་བྱེད་ཀྱི་ཡོད་བསམས་དགོས། ཤེས་ཡོན་སྐོར་བཤད་དུས་ནང་པའི་གཞུང་གི་ནང་ནས་དེང་སང་འཛམ་གླིང་འདིའི་སྟེང་ཚན་རིག་པ་བསམ་བློ་གཏོང་མཁན་ཁྲོད་དོ་སྣང་ཧ་ཅང་བསླེབ་རྒྱུ་དེ་སེམས་ཁམས་རིག་པའི་སྐོར་རེད།
དེ་སྔར་རྒྱ་གར་གྱི་ཆོས་ལུགས་ཞི་གནས་དང་ལྷག་མཐོང་ཉམས་ལེན་བྱེད་རྒྱུ་ཡོད་པའི་གཞུང་དེ་དག་གི་ནང་སེམས་ཁམས་རིག་པའི་སྐོར་ཡོད། གོང་དུ་ཞུས་པ་ལྟར་ད་ཆ་ཧ་ཅང་ཉམས་ཟིན་པ་རེད། ནང་པའི་ཡུལ་གྲུ་ཁག་གི་པཱ་ལིའི་གཞུང་དེ་དག་གི་ནང་སེམས་ཁམས་རིག་པའི་སྐོར་ཡོད་ཀྱང་དེ་ཙམ་གྱི་རྒྱ་ཆེན་པོ་དང་། ལྷག་པར་དཔྱད་པ་བྱེད་རྒྱུ་ཤུགས་ཆེན་པོ་མི་འདུག དེ་བཞིན་རྒྱ་ནག་གི་མཚོན་པའི་ཐེག་ཆེན་ཡུལ་གྲུ་དེ་དག་གིས་ཤེར་ཕྱིན་ཀྱི་གཞུང་ལྟ་བཞིན་ཡོད། འོན་ཀྱང་རིགས་ལམ་གྱི་ཐོག་ནས་དཔྱད་པ་བྱེད་རྒྱུ་མེད། ཚད་མའི་གཞུང་དེ་ཙམ་བསྒྱུར་མི་འདུག ཁྱེད་རང་ཚོས་དོ་སྣང་བྱུང་ཡོད་ཀྱི་རེད། ད་ལྟ་ཕྱོགས་གླང་གིས་མཛད་པའི་ཚད་མ་རིགས་སྒོ་རྒྱ་ཡིག་ཐོག་སྔར་ནས་བསྒྱུར་ཟིན་པ་ཞིག་ཡོད་སྐོར་རྒྱ་མི་གཅིག་གིས་ངོས་ལ་བཤད་མྱོང་ཡོད། ཚད་མའི་གཞུང་གཞན་དག་མི་འདུག དེ་བོད་པ་གཅིག་པུར་འདུག ཚད་མའི་གཞུང་བསྟན་འགྱུར་ཙམ་མ་ཟད། དངོས་སུ་སློབ་སྦྱོང་ནང་ལ་ཡོད་པ་དེ་ཕལ་ཆེར་སྔར་ཡིན་ན་ས་སྐྱ་ཧ་ཅང་ཡག་པོ་རེད། ས་སྐྱ་པཎྜི་ཏ་རང་ཉིད་ཀྱིས་རིགས་གཏེར་མཛད་དེ་ཚད་མའི་སྐོར་ཧ་ཅང་ཡག་པོ་ཡོད། བར་སྐབས་ཕྲན་བུ་ཉམས་ཆག་ཕྱིན་ཡོད། དགེ་ལུགས་པའི་གདན་ས་དེ་དག་དྲག་ཤོས་རེད།
དགེ་ལུགས་པའི་གདན་ས་ཁག་གི་ནང་ཚད་མ་རྣམ་འདྲེན་ཤུགས་ཆེན་པོ་སྦྱང་གི་ཡོད། དཔྱད་པ་བྱེད་རྒྱུ་འདི་ཧ་ཅང་གནད་འགག་ཆེན་པོ་རེད། སངས་རྒྱས་ཀྱི་ཆོས་གཞི་དངོས་པོའི་གནས་ཚུལ་ཞིག་གསུངས་སྐབས། དེར་བརྟག་དཔྱད་དང་ཉམས་ཞིབ་བྱས་ནས་ཤེས་དགོས་ཀྱི་རེད། དེར་བརྟེན་བཅོམ་ལྡན་འདས་རང་ཉིད་ཀྱིས། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་ཡོད། བཅོམ་ལྡན་འདས་ཀྱི་གསུངས་པ་རེད་ཅེས་སྐྱབས་སུ་མཆི་ཟེར་རྒྱུ་ལྟ་བུ་མ་བྱེད་གསུངས་ཡོད། བཅོམ་ལྡན་འདས་ཀྱི་གསུངས་པ་དེར་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས། བརྟག་དཔྱད་བྱས་ནས་རྒྱུ་མཚན་མཐོང་། ཞིབ་འཇུག་བྱས་ནས་ར་འཕྲོད་ན་ཡིད་ཆེས་བྱེད་དགོས། ཞེ་ས་མ་ཞུས་ན་བཀའ་མོལ་འདི་ཧ་ལས་པའི་ཞག་རྩི་ཡོད་པ་ཞིག་རེད། འཛམ་གླིང་འདིའི་སྟེང་གི་ཆོས་བརྒྱུད་འདྲ་མིན་གསུང་མཁན་སྟོན་པ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། འདི་ལྟ་བུ་གསུང་མཁན་མེད། ངས་བརྗོད་པ་དེར་ཡིད་ཆེས་བྱོས་ཟེར་མཁན་མ་གཏོགས། ངས་བརྗོད་པ་དེར་དད་པ་བྱས་ནས་ཡིད་ཆེས་མ་བྱས་པར་བརྟག་དཔྱད་བྱོས་གསུང་མཁན་བཅོམ་ལྡན་འདས་མ་གཏོགས་མེད། འདི་དངོས་ཡོད་གནས་ཚུལ་ལ་བལྟས་ནས་གསུང་གི་ཡོད། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ་ཟེར་རྒྱུ་དེ་གཞི་དངོས་པོའི་ཐོག་ནས་ཡོང་གི་ཡོད། ངོས་ཀྱིས་སངས་རྒྱས་པའི་ཆོས་དེ་དངོས་ཐོག་བདེན་ཚོལ་རེད། ཅེས་བརྗོད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་ནང་ལོག་ལྟ་གཉིས་ཤོད་ཀྱི་ཡོད། སྒྲོ་འདོགས་ལོག་ལྟ་དང་བསྐུར་འདེབས་ལོག་ལྟ་ཞེས་གཉིས་ཤོད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།