༢༠༡༤ ཟླ་ ༦ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩས་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ ༢༩ ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གྲངས་ ༣༣ དང་ཐུག་འཕྲད་ཀྱིས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་སོང་།
སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་སྐོར་དང་། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་སྐོར། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་དང་རང་ལུས་མེར་སྲེག་སྐོར། རྒྱ་གར་གཞུང་མང་གཉིས་བོད་མིར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་ལན་འདེབས་ཞིབ་ཕྲ་གནང་ཡོད།
ཐེངས་འདིར་གུ་རུ་ཀུལ་ལས་འཆར་ནང་རྒྱ་གར་སློབ་མ་གྲངས་ ༢༦ དང་། བོད་ཕྲུག་གྲངས་བཞི། བལ་པོ་གཅིག རྒྱ་ནག་བུ་མོ་གཅིག བྷང་ལ་རྷེཤ་གཅིག་བཅས་ཡོད་འདུག