༢༠༡༤ ཟླ་ ༦ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༩ ཉིན་ཨི་སི་ཏཱོ་ནའི་ཡ་ནས་ཞུ་གཏུག་སྐུ་ཚབ་ཚོགས་ཆུང་གིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༩ ཉིན་གྱི་སྔ་དྲོར་ཨི་སི་ཏོ་ནའི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌིར་སི་ཧར་ཀི་མཆོག་དང་། Estonian Institute of Buddhism ཨི་སི་ཏཱོ་ནའི་ཡ་ནང་ཆོས་བསྟི་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་སི་ཝིན་ Mr. Sven Grunberg མཆོག་དང་དྲུང་ཆེ་ཏཱ་མི་པཱ་ཝི་སི་ Mrs.Taimi Paves དང་ལྷན་དུ། སྤྱི་འཐུས་བཞི་དང་ཕྱག་རོགས་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཨི་ལི་ན་དང་ཇཱོ་ལི་བཅས་ཀྱིས། སྔ་དྲོའི་ཆུ་ཚོད་ ༡༠ ནས་ ༡༡།༣༠ བར་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ལྷན་འཛོམས་ཀྱིས་བོད་དོན་ཞུ་གཏུག་གནང་། དེ་ཡང་ལོ་སྔོན་མར་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་དབུ་འཁྲིད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་བོད་དོན་ཞུ་གཏུག་བྱས་པ་དང་།
ད་ཐེངས་ཚོགས་གཞོན་གྱིས་དབུ་འཁྲིད་དེ་ཞུ་གཏུག་ལ་འབྱོར་ཡོད་པའི་སྐོར་ངོ་སྤྲོད་དང་སྦྲགས་ནས་སྤྱི་ཡོངས་ཀྱི་བོད་ནང་གི་དཀའ་ངལ་དང་ལྷག་དོན་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་མཚན། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་སྐོར་དང་མི་མང་གིས་བདམས་པའི་ལས་ཀྱི་སྣེ་མོ་བ་ཚོས་འགན་འཁུར་ཇི་ལྟར་བྱེད་བཞིན་ཡོད་པའི་སྐོར། བོད་རྒྱའི་དཀའ་རྙོག་སེལ་བར་ངེས་པར་དུ་བོད་རྒྱ་གཉིས་དབར་འབྲེལ་མོལ་སླར་གསོ་བྱེད་དགོས་པ་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ནན་བརྗོད་བྱེད་བཞིན་ཡོད། ཡུལ་འདིའི་གྲོས་ཚོགས་འཐུས་མི་ཚོས་བོད་རྒྱ་འབྲེལ་མོལ་སླར་གསོ་དང་བོད་ཀྱི་དཀའ་ངལ་སེལ་ཆེད་དུ། རྒྱ་ནག་གི་དཔོན་རིགས་ཚོ་དང་མཇལ་འཕྲད་དང་གྲོས་ཚོགས་ཚོགས་སྐབས། ཡུལ་འདིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་ལྷན་འཛོམས་གནང་པའི་སྐབས། བོད་དོན་གླེང་སློང་དང་རྒྱ་ནག་གཞུང་ལ་ཞུ་སྐུལ་དང་གནོན་ཤུགས་སོགས་གང་དགའ་ཅི་ལེགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་གནང་འདུག
ཉིན་རྒྱབ་ཆུ་ཚོད་ ༤ ཐོག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ལྕམ་སྐུ་ཀིར་སི་ཏི་ནཱ་ Kristiina Ojuland མཆོག་དང་སྐར་མ་ ༣༠ རིང་མཇལ་འཕྲད་ཀྱིས། གོང་བཞིན་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་ལྷག་དོན་རང་ལུས་མེར་སྲེག་གི་གནས་སྟངས་ཛ་དྲག་ཅན་དེ་དག་འབྱུང་རྐྱེན་འཁོད་པའི་ཞུ་སྙན་སོགས་ཕུལ་ཏེ། ཡུ་རོབ་གྲོས་ཚོགས་ནང་གླེང་སློང་ཡོང་བར་གཞོགས་འདེགས་གནང་རོགས་ཞེས་ཞུས། ཁོ་མོས་ལོ་གཉིས་ཀྱི་སྔོན་དུ་ཡུལ་འདིའི་འཐུས་མི་ཚོས་ཡུ་རོབ་གྲོས་ཚོགས་སུ་བོད་དོན་གླེང་སློང་དང་རྒྱབ་སྐྱོར་ཤུགས་ཆེ་བྱེད་མྱོང་ཡོད་པ་རྣམས་ཧ་ཅང་གལ་ཆེན་ཡིན་པ་དང་། མ་འོངས་པར་དེ་བཞིན་ཡོང་བར་མུ་མཐུད་ནས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་མི་སྣར་ཐུག་སྟེ་ཞུ་གཏུག་བྱེད་དགོས་སྐོར་དང་། ཡུ་རོབ་ཀྱི་མི་མང་ལ་གཏམ་བཤད་ཀྱི་གོ་སྐབས་ཐོབ་དུས་ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་སྐྱོན་འཛུགས་ནན་པོ་བྱེད་ཐུབ་ན། དེས་གླེང་སློང་ཡོང་བར་ཕན་ཐོགས་ངེས་ཡིན་ཞེས་དང་། བོད་ནང་གི་རང་ལུས་མེར་སྲེག་གི་གནད་དོན་ཐད་བགྲོ་གླེང་ཐེངས་གཉིས་ཙམ་བྱེད་མྱོང་ཡོད་ཅིང་། མ་འོངས་པར་གང་ཐུབ་བྱེད་ཀྱི་ཡིན་ཞེས་ཁས་ལེན་གནང་། དེ་རྗེས་ཡུ་རོབ་གྲོས་ཚོགས་སུ་སླར་ཡང་འོས་འདེམས་བྱུང་བའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོན་ནི་ཀི་ལམ་ Tunne Kelam མཆོག་དང་མཇལ་འཕྲད་ཀྱིས། གོང་བཞིན་བོད་དོན་ངོ་སྤྲོད་དང་ཞུ་སྙན་སོགས་ཕུལ། ཁོང་གིས་བོད་ནང་གི་བོད་མི་ཚོ་སོ་སོའི་ས་ཆའི་ནང་གྲངས་ཉུང་མི་རིགས་ཆགས་བཞིན་པ་ལྟར། ང་ཚོའང་སྔོན་དུས་རང་གི་ས་ཆའི་ནང་དེ་ལྟར་ཆགས་མྱོང་ཡོད་པས་ཁྱེད་ཚོའི་དཀའ་ངལ་གསལ་པོ་ཤེས་ཀྱི་འདུག ཡུ་རོབ་གྲོས་ཚོགས་སུ་བོད་དོན་གླེང་སློང་བྱེད་རྒྱུ་དེ་མི་ཚོས་བློ་ཁོག་ཆེན་པོ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་རུང་། ངའི་ངོས་ནས་དེ་ནི་བློ་ཁོག་ཆེ་ཆུང་གི་སྐད་ཆ་མིན་པ་འཐུས་མི་ཚོའི་ལས་འགན་ཞིག་ལ་བརྩི་གི་ཡོད། མ་འོངས་པར་གང་ཐུབ་གླེང་སློང་བྱེད་ངེས་ཡིན་ལ་བོད་པ་ཚོས་ཀྱང་དུས་ནས་དུས་སུ་ཞུ་གཏུག་བྱེད་རྒྱུ་གནད་འགག་རེད་ཅེས་གསུངས།།