༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་འཁོར་བསྒྱུར་གྱི་རྣམ་པར་རོལ་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཨ་རི་དང་ཁེ་ཎ་ཌའི་ས་ཁུལ་ཁག་ནང་ཆིབས་སྒྱུར་གྱིས་རླབས་ཆེན་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༣ སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་གྷ་གལ་གནམ་ཐང་དུ་ཕེབས་བསུར་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅར་ཡོད་པ་དང་། གནམ་ཐང་ཕྱིའི་ཕེབས་སྒོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ས་གནས་བདེ་དོན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ནས་དཀར་གཙང་མཇལ་དར་ཕྱག་ཏུ་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་དང་པོར། ཐང་སྟོང་གླུ་གར་ནས་བཀྲིས་ཞོལ་པའི་མཆོད་སྤྲིན་ཕུལ་བ་དང་སྦྲགས་ཕེབས་བསུ་ཞུས་ཡོད་པ་དང་། དེ་མཚུངས་ཏ་ལོ་པུར་བཙུན་དགོན་གྱི་བཙུན་མ་རྣམས་དང་། ས་ར་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག གྷོ་པ་པུར་དགེ་ལས་སློབ་ཕྲུག་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་གཉིས་པར། རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་དང་། ནོར་གླིང་གི་ལས་བྱེད་དང་མང་ཚོགས། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་གསུམ་པར། གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་པ། དགའ་གདོང་གསལ་འབྱེད་གླིང་གྲྭ་ཚང་གི་དགེ་འདུན་པ། ཤུགས་གསེབ་བཙུན་དགོན་གྱི་བཙུན་མ། བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་བཙུན་མ། མེས་དབོན་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག རྡ་ཤོད་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་དང་། དེ་བཞིན་སློབ་ཕྲུག་ནས་བཀྲིས་ཞོལ་པའི་འཁྲབ་སྟོན་ཕུལ་ཏེ་ཕེབས་བསུ་གཟབ་རྒྱས་ཞུས། རྡ་ཤོད་ཀེན་ཏི་གཞུང་ལམ་གཡས་གཡོན་དུ། གཞུང་ཞབས་དྲུང་ཆེ་མན་གྱི་ལས་བྱེད་རྣམ་པ་དང་། སྨན་རྩིས་ཁང་གི་ལས་བྱེད་རྣམ་པ། བདེ་ལེགས་སྨན་ཁང་གི་ལས་བྱེེད་རྣམ་པ། ཤེས་རིག་དཔར་ཁང་གི་ལས་བྱེད་རྣམ་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་བཞི་པར། ཕོ་གསར་གྷན་ཇིར་རྡ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་མ། ཚེ་མཆོག་གླིང་གི་དགེ་འདུན་པ། བཙུན་དགོན་དགའ་ལྡན་ཆོས་གླིང་གི་བཙུན་མ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་ལྔ་པར། མེག་གྷན་ཁུལ་གནས་མི་མང་རྣམས་ནས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་བཟང་གི་བདུག་སྤོས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས།
ཕེབས་སྒོ་དྲུག་པར། རིགས་ལམ་སློབ་གཉེར་ཁང་གི་དགེ་འདུན་པ། ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ། ཁུལ་དེའི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ཕོ་བྲང་གི་གཟིམ་སྒོའི་ཕྱིར་སྐུ་བཅར་རྣམ་གྲྭའི་དགེ་འདུན་ཡོངས་ནས་ཕེབས་ལམ་དུ་སེར་སྦྲེངས་དང་། བོད་གཞུང་ཟློས་གར་ཚོགས་པས་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་ཆེད་གྲོ་སོ་ཕྱེ་མར་འདེགས་འབུལ་དང་། བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ཕུལ་ཏེ་ཕོ་བྲང་གི་གཟིམ་སྒོའི་ནང་ཕེབས་བསུ་གཟབ་རྒྱས་ཞུས། ཕོ་བྲང་གི་གཟིམ་སྒོའི་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་གཞན། བཀའ་བློན་རྣམ་པ། ལྷན་ཁང་སོ་སོའི་དྲུང་ཆེ་ཆུང་རྣམ་པ་བཅས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་གནས་བསྡུས་སུ།།