༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། འདི་གར་ཁུངས་ལྡན་གྱི་གནས་འབྱོར་གསལ་ལྟར་ན། སྔ་ལོ་ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་བྱུང་བའི་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་བོད་ནང་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་པའི་བོད་རིགས་ན་གཞོན་བསྟན་ཆོས་(བསྟན་འཛིན་ཆོས་གྲགས་)དང་། མིག་དམར་དོན་གྲུབ་གཉིས་ཁག་སོ་སོར་འཛིན་བཟུང་གིས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་སྔ་ལོའི་ཟླ་ ༡༠ ཚེས་ ༢༧ ཉིན་མིག་དམར་དོན་གྲུབ་ལགས་སུ་གསང་མྱུལ་གྱི་ཉེས་མིང་ཐོག་དུས་བཀག་བཙོན་འཇུག་ལོ་ ༡༤ བཟོས་པ་དང་། སྔ་ལོའི་ཟླ་ ༩ པའམ་ ༡༠ པ་ཙམ་དུ་བསྟན་ཆོས་ལགས་སུ་ཟླ་ ༣ པའི་ངོ་རྒོལ་ལས་འགུལ་ནང་ཞུགས་པའི་ཉེས་མིང་འོག་དུས་ཀག་བཙོན་འཇུག་ལོ་ ༡༥ བཟོས་པ་མ་ཟད། རྒྱ་སྒོར་ཁྲི་གཅིག་ལྷག་གི་དངུལ་ཆད་བཏང་སྟེ་ད་ལྟ་ཆུ་ཤུལ་བཙོན་ཁང་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་པར་བཏང་ཡོད་པ་རེད།
མིག་དམར་དོན་གྲུབ་ལགས་ནི་ ༡༩༧༣ ལོ་ཙམ་དུ་སྟོད་དིང་རི་རྫོང་ཁོངས་སུ་སྐྱེས། ༡༩༨༢ ལོར་རྒྱ་གར་དུ་སློབ་གཉེར་ཆེད་ཡོང་སྟེ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་ཕྱི་ལོ་ ༡༩༩༣ ལོར་འཛིན་རིམ་བཅུ་པ་དང་། ལྷོ་ཕྱོགས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་ནས་ ༡༩༩༥ ལོར་འཛིན་རིམ་བཅུ་གཉིས་ཐོན། རིམ་པས་རྒྱ་གར་ལྷོ་ཕྱོགས་མཐོ་རིམ་སློབ་གྲྭ་ཞིག་ནང་རྩིས་རིག་སློབ་གཉེར་ཞུས་རྗེས་རང་ཉིད་ཀྱི་ཕ་མའི་དྲུང་དུ་བོད་ལ་ཕྱིར་ལོག་བྱས་ཏེ་སོ་སོའི་མི་རིགས་དང་ཕ་ཡུལ་དུ་ཞབས་འདེགས་ཞུ་སླད་སྔ་རྗེས་སུ་ལྷོ་ཁ་ས་ཁུལ་དང་། ལྷ་ས་གྲོང་ཁྱེར་ཁུལ་སོགས་སུ་ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུའི་སྤྱི་ཚོགས་ལས་འཆར་དང་། ལས་འཆར་དེ་དག་ལ་རྒྱབ་སྐྱོར་གནང་མཁན་གྱི་ནུབ་ཕྱོགས་པའི་མི་སྣ་ཁག་གཅིག་གི་སྐད་བསྒྱུར་བའི་ལས་ཀ་བྱས་ཡོད་པ་རེད།
བསྟན་ཆོས་སམ་བསྟན་འཛིན་ཆོས་གྲགས་ནི་ལྷ་སར་སྐྱེས་པ་དང་། ད་ལྟ་རང་ལོ་ ༢༣ ཙམ་དུ་སོན་གྱི་ཡོད་ཅིང་། ༡༩༩༠ ལོ་ཙམ་དུ་རྒྱ་གར་དུ་སློབ་གཉེར་ཆེད་ཡོང་སྟེ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་པ་ཐོན་རྗེས་འཛིན་རིམ་བཅུ་གཅིག་པའི་སློབ་གཉེར་ལོ་གཅིག་ཙམ་བྱས། ཕྱི་ལོ་ ༢༠༠༥ ཙམ་ལ་ཨ་མའི་དྲུང་དུ་བོད་ལ་ཕྱིར་ལོག་གིས་སོ་སོའི་མི་རིགས་དང་ཕ་ཡུལ་དུ་ཞབས་འདེགས་ཞུ་སླད་སྔ་རྗེས་སུ་ལྷ་ས་ཁུལ་དང་གཞིས་ཀ་རྩེ་གཙོ་བོར་གྱུར་བའི་ས་ཁུལ་ནང་ཡུ་རོབ་ཁུལ་གྱི་རོགས་ཚོགས་ཤིག་དང་འབྲེལ་བའི་རྒྱ་གྲམ་དམར་པོའི་ལས་གཞིའི་ཁོངས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ལས་འཆར་ནང་ཞབས་ཞུ་བསྒྲུབས་ཡོད་ཅིང་། སྔ་ལོ་ཟླ་ ༣ པའི་ནང་ལྷ་སར་ཞི་བའི་ངོ་རྒོལ་བྱུང་རྗེས་ལྷ་ས་གྲོང་ཁྱེར་བདེ་སྲུང་ཚན་པས་བསྟན་ཆོས་ལགས་ལྷ་སའི་ཞི་རྒོལ་ཁྲོད་གཙོ་ཞུགས་བྱས་ཡོད་པ་བརྙན་དཔར་ནང་ཐེབས་ལུགས་བཤད་དེ་གབ་ཡིབ་བྱེད་མུས་ནས་ཕྱི་ཟླ་ ༤ ཟླ་དཀྱིལ་དུ་འཛིན་བཟུང་བྱས་ཡོད་པ་རེད། འཛིན་བཟུང་བྱས་རྗེས་འདྲི་གཅོད་མི་སྣས་ཁོང་གི་ཕ་མཁས་གྲུབ་ཀྱི་དེ་སྔའི་ལོ་རྒྱུས་ལ་བསྙད་དེ་ཚ་འདྲི་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་།
ཁོང་གི་ཕ་ནི་དེ་སྔ་བོད་ནང་ལོ་མང་ཆབ་སྲིད་ལས་དོན་ནང་ཞུགས་ཏེ་རིམ་པས་བོད་དུ་གནས་མ་ཐུབ་པར་ ༡༩༩༣ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་སྟེ་ད་ལྟ་རྡ་རམ་ས་ལར་གཏན་སྡོད་བྱེད་བཞིན་པར་བརྟེན་འདྲི་གཅོད་མི་སྣས་ཕས་ཁོང་ལ་ངན་བསྐུལ་བྱས་པའི་སྐོར་ཚ་འདྲི་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།